སྣ་ཚོགས་གླེང་བའི་ལེའུ།

ཚོན།        2022-05-23

སེམས་གླེང་བ།

ཚོར་བའི་ཟེགས་མ་སྙིང་གི་པདྨོ་ལས་བཞད་ཅིང་།།

དུང་བའི་འོ་ཐིགས་མིག་གི་མེ་ཏོག་ལ་སིམ་པས།།

འཇིག་རྟེན་ཕྱི་ནང་སྙིམ་པའི་མཐིལ་ཁུག་ནས་འདས་སྟངས།།

འཁོར་བའི་གྲོང་ལ་བཀོད་པའི་གཤིས་ལུགས་ཤིག་ཡིན་ནམ།།

འཚོ་བ་གླེང་བ།

སྐྱིད་ལ་འགྲོགས་པ་དབྱར་ངོའི་ཆར་ཟིམ་གྱི་ན་བུན།།

སྡུག་གིས་གཤེ་བ་ལོ་ཟླའི་རྨུ་ཐག་གི་གར་འཇོ།།

འདུ་འབྲལ་རི་མོ་སྙིང་ཁའི་སྲོག་རྩ་རུ་བརྒྱུས་པས།།

འབྱུང་བོའི་བེམ་རོ་རྒྱུ་བའི་སྣང་ཚུལ་འདི་སྙིང་རྗེ།།

རང་དབང་གླེང་བ།

སྒྲེན་པོར་འགྲེང་ན་ཀུན་གྱིས་མཛུབ་ཀེར་ངང་འཕྱ་ཞིང་།།

རྒྱས་པོར་བསྣམས་ན་ཕུར་ཚུགས་མིག་ལྕག་གིས་གཞུ་བ།།

དབུ་ལྕོག་དགྱེས་པའི་གནས་ལ་སྡོད་ཐབས་རང་མེད་ན།།

མགོ་བོ་དང་ཁར་སྨད་ནས་གྲལ་མཐར་སྒུར་ལོས་ཆོག།

ཁྱིམ་ཐབ་གླེང་བ།

ཐབ་མེ་ལྡིར་ལྡིར་ཆུ་ཁོལ་སློག་སློག་ངང་འབྱིན་ཞིང་།།

ཨོ་ལོའི་གཉིད་དེ་ཞི་ལའི་ཁ་འདོན་དང་འདྲེས་པ།།

སྲོད་ལ་ཧལ་བའི་མི་ཕོས་ལག་འཁོར་དེ་དཀྲུག་ཞོར།།

བག་འདྲེས་ཆེ་བའི་བདག་མོས་རྒྱབ་ཤ་ལ་བསྙེས་འདུག།

འདོད་པ་གླེང་བ།

ཕྱུག་པོའི་གླུད་གཏོར་སྣོམ་དུས་གསུར་ལྡག་ཏུ་སྐྱེ་ཞིང་།།

སྒེག་མའི་དཔྱི་རྐང་ནུ་རྒྱགས་མིག་སྐྱི་ལ་ཚ་བའི།།

ཧམ་དངན་འདོད་པའི་མཆུ་སྒྲོས་ཁ་ཆུ་ཡིས་འཕྱངས་ཏེ།།

མགོ་བོ་དགྱེས་ནས་འཕྱན་པའི་གྲོང་གསེབ་ཀྱི་བྱོལ་སོང་།།



  • ལེ་ཚན་སྔོན་མ།:སྨྲེང་བས་སྐྱོམ་པའི་དྲན་ཤིང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།