ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ལྷ་འཛོམས་དང་བདེ་སྐྱིད། ཡེ་ཤེས་བཅས་ཀྱིས་བསྒྱུར།        2022-06-01

ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།

(2022ལོའི་སྤྱི་ཟླ5པའི་ཚེས30ཉིན་གྱི་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ)

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ2022ལོའི་སྤྱི་ཟླ5པའི་ཚེས30ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཞིང་ཆེན་ཏང་ཨུའི་ཨུ་ཡོན90དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན16ཡོད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་སུ་ཟུར་ཞུགས་གནང་བ་རེད།

བློ་མཐུན་ཝང་ཞའོ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་འདེམས་བསྐོ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་བའི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱི་འོས་མིར་ཆོག་མཆན་བཀོད་པ་རེད། མིང་ཐོ་གཤམ་གསལ།

གཅིག ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན།

ཝང་ཞའོ་ཧུའེ་དང་ཧོང་ཆང་། ལུའོ་ཝུན། ལིའོ་ཅན་ཡུས། ཧྲི་ཞའོ་ལིན།(བུད་མེད།)ཡུས་ལི་ཅུན། ལི་ཡུན་ཙེ། ཐེན་ཞའོ་ཝེ། ཚའོ་ལི་ཅུན། ཁྲེན་ཝེ། ཀྲའོ་ཅུན་མིང་། ཅིན་ལེ། ཀྲེང་ལི།(བུད་མེད།)

གཉིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ།

ཧྲུའུ་ཅི། ཝང་ཞའོ་ཧུའེ།

ཧྲུའུ་ཅི་གཞོན་པ། ཧོང་ཆང་དང་ལུའོ་ཝུན།

གསུམ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན།

ཧྲུའུ་ཅི། ལིའོ་ཅན་ཡུས།

ཧྲུའུ་ཅི་གཞོན་པ། ཀྲང་ཏུང་ཡུན་དང་ཞུང་ཡན། ཀྲའོ་ཀྲེན་ཝུན། ཁའེ་ཞོན།

རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན། ལིའོ་ཅན་ཡུན་དང་ཀྲང་ཏུང་ཡུན། ཞུང་ཡན། ཀྲའོ་ཀྲེན་ཝུན། ཁའེ་ཞོན། ཏེང་པོ། རུང་ལིན།(བུད་མེད།)ཞའོ་ཁེ་ཆང་། ཧོང་ཁྲུན་ཅང་། ཡུས་མིང་། ཁྲེན་ཅིན།(བུད་མེད།)

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། བྱ་གཞག་ནི་ནམ་ཡང་རྒྱུན་མཐུད་འབད་འཐབ་བྱེད་རིང་འཕེལ་རྒྱས་འགྲོ་བཞིན་ཡོད། ད་ལྟ་ནས་བཟུང་སི་ཁྲོན་སྐྱོང་ཞིང་དར་རྒྱས་གཏོང་བའི“མཐུད་རྒྱུག་དབྱུག་པ”སྤྲོད་པ་ལྟ་བུའི་ལས་འགན་འདི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཕྲག་ཐོག་ལ་བབས་པ་རེད།

“མཐུད་རྒྱུག་དབྱུག་པ”འདི་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པར”འབད་འཐབ་བྱེད་པ་དང་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་སྐྱོད་པའི་འགག་རྩའི་དུས་སུ་སྤྲོད་ལེན་བྱས་པ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ནན་པོ་ཐེག་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ཁྲི510དང་སི་ཁྲོན་གྱི་བུ་ཕྲུག་ཁྲི9100ཡི་ཡིད་ཆེས་རེ་སྒུག་གོང་བུར་གཅིག་ཏུ་འགྲིལ་ཡོད། “མཐུད་རྒྱུག་དབྱུག་པ”འདི་ཡག་པོ་ལེན་རྒྱུ་དང་གྲུབ་འབྲས་ཡག་པོ་གཏོད་རྒྱུ་ནི་སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་དོར་ཐབས་མེད་པའི་དུས་རབས་ཀྱི་ལས་འགན་དང་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ།“དཔེ་སྟོན་བྱ་དགོས་པ་ལྔའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཆབ་སྲིད་ལ་སྣང་ཆེན་དང་འཕེལ་རྒྱས་ལ་དམ་འཛིན།དམངས་འཚོར་ཕན་འདོགས་པ། བདེ་འཇགས་ཡོང་བར་འགན་ལེན་བཅས་རྒྱུན་འཁྱོངས་བྱེད་པ།འཆར་གཞི་གཅིག་མཐར་ཕྱིན་པར་འགོད་པ་དང་དུས་བབ་དང་བསྟུན་ནས་སླར་ཡང་ལག་བསྟར་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་པ་དང་དུས་རབས་ཀྱི་ལེའུ་གསར་པ་བརྩམས་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མངགས་བཅོལ་བློར་བརྟན་པོས་འཆང་བ་དང་དྲིན་གཟོ་ཡར་བརྩོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་ནས་ཞུམ་མེད་ངང་མདུན་དུ་བསྐྱོད་དགོས། ཆབ་སྲིད་ཐོག་བློ་དཀར་སེམས་དཀར་བརྟན་པོར་བསྐྱངས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སི་ཁྲོན་གྱི་ལས་དོན་ལ་གཅིག་འདོམས་མཐའ་གཅིག་ཏུ་བྱ་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་སུ་བརྩིས་རྒྱུ་རྒྱུན་འཁྱོངས་བྱས་ནས་སི་ཁྲོན་དུ་རྩ་གཞི་ཟུག་པ་དང་མེ་ཏོག་བཞད་ནས་འབྲས་བུ་ཐོན་རྒྱུར་འགན་ལེན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་ཏན་ཏིག་འགྱུར་བར་བྱ་དགོས།

ཚོགས་འདུའི་ཐོག་བསྟན་དོན།འཕེལ་རྒྱས་ལ་སྣང་ཆེན་དང་འགན་འཁྲི་ཏན་ཏིག་འཁུར་བ། བློ་བརྟན་འགྱུར་མེད་ངང་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོ་བར་སྐུལ་འདེད་གཏང་དགོས། གདོང་མཆོང་བྱེད་ཕོད་པའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་དང་གསར་གཏོད་ཀྱི་ངར་ཤུགས་བཅངས་ནས་ དངོས་གཉེར་གྱི་སྤྱོད་ཚུལ་དར་སྤེལ་གཏང་དགོས་པ་དང་། བརྟན་པོ་ཡོང་བར་བྱ་རྒྱུ་ཨང་དང་པོར་འཛིན་པ་དང་བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་བསམ་ཕྱོགས་དང་བྱ་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་མཁས་པོ་བྱས་ནས། ལས་དོན་སྒྲུབ་དུས་ཉེན་གཡོལ་མི་བྱེད་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་འཛུགས་སྐྲུན་བྱེད་པ།ཐབས་ཇུས་དང་བཀོད་སྒྲིག་བྱས་པའི་ལས་དོན་གཏན་འཁེལ་བྱས་རིགས་ལ་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། དམ་འཛིན་ལྷོད་མེད་བྱས་ཏེ་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏང་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཐོག་མའི་བསམ་འདུན་བརྟན་སྲུང་དང་དམངས་ཀྱི་ཆེད་དུ་སྲིད་བརྩོན་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་རོལ་དུ་བཅུག་གང་ཐུབ་བྱ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱས་ཏེ་རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་དང་བསྟུན་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། ལས་དོན་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས། དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁེ་ཕན་སྔར་ལས་ལྷག་པ་འཐོབ་པར་བྱ་དགོས། ཁྱད་པར་དུ་དཀའ་ངལ་ཆེ་བའི་མང་ཚོགས་དང་ཞིང་སྡེའི་གཞི་རིམ། ཞིང་ཆེན་ནང་ཁུལ་གྱི་དར་རྒྱས་ཞན་པའི་ས་ཁུལ། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ། མི་རིགས་ས་ཁུལ། རི་མ་ཐང་རི་ཁུལ་བཅས་ལ་དོ་སྣང་དང་སེམས་ཤུགས་སྔར་ལས་མང་བ་བསྒྲིམ་དགོས། ས་ཁོངས་ཀྱི་ཧེ་བག་དང་གྲོང་ཁྱེར་དང་གྲོང་སྡེའི་ཁྱད་པར། ཡོང་འབབ་ཀྱི་ཧེ་བག་བཅས་རྒྱུན་ཆད་མེད་པར་ཆུང་དུ་བཏང་སྟེ། ཐུན་མོང་ཐོག་ཕྱུག་པོར་ཆགས་པར་སྐུལ་འདེད་གཏོང་བར་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་དེ་བས་མངོན་གསལ་ཐོབ་དགོས།

ཚོགས་འདུའི་ཐོག་བསྟན་དོན། མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་སི་ཁྲོན་དར་རྒྱས་གཏོང་བའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེ་བའི་སྟོབས་ཤུགས་ཤིག་ཆགས་པ་བྱ་དགོས།ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚོགས་པའི་ཁོངས་མིས་རང་རྟོགས་ཀྱི་སྒོ་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པའི་དཔེ་བཟང་བྱས་ཏེ། ཐུན་མོང་ཐོག་ཁ་ཕྱོགས་སྒྲུབ་པ་དང་ཁྱོན་ཡོངས་ལ་དོ་དམ། ཐབས་ཇུས་འགོད་པ། དོན་འཁྱོལ་ཡོང་བར་འགན་ལེན། འགན་ནུས་དང་འགན་འཁྲི་འཁུར་བ། ཞིང་ཆེན་ཡོངས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་བཅས་བྱས་ཏེ། གཏན་ལ་ཕབ་ཟིན་པའི་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་དགོས། སེམས་ཤུགས་གཅིག་འདུས་ཀྱི་བསམ་བློ་བརྟན་པོ་བཅངས་ནས་མི་དམངས་འཐུས་ཚོགས་ཀྱི་སྲིད་གཞུང་དང་སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱིས་བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་རང་འགན་གཙང་སྒྲུབ་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས་པ་དང་། དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ཚོགས་པ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་ལས་དོན་མཉམ་སྒྲུབ་ཀྱི་སྒོ་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ་ཐུན་མོང་གི་བྱ་གཞག་གི་ཆེད་དུ་འབད་འཐབ་ལྷོད་མེད་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། སྤྱོད་གཙང་སྲིད་སྐྱོང་དང་རང་གི་ཁྱད་ཆོས་ནམ་ཡང་མི་ཉམས་པ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་ཤུགས་རྒྱག་དགོས། ཏང་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་ཏང་གི་ཆབ་སྲིད་ལེགས་སྐྱོང་ལ་སྤྱི་འདོམས་བྱས་ཏེ་ཏང་ལེགས་སྐྱོང་ཁག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ། འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བརྒྱག་དགོས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་དང་གོང་བུར་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས། ཏང་སྲོལ་ཡོ་བསྲང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ངང་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། སྲིད་དོན་གཙང་སྐྱོང་གི་གཏན་འབེབས་ཁག་བརྩི་སྲུང་ནན་པོ་བྱེད་པ་དང་། ཕྱོགས་གང་ཅིར་ལྟ་སྐུལ་སྣེ་ཁྲིད་ཀྱིས་དང་ལེན་བྱས་ཏེ། ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་འཛུགས་སྤེལ་བྱེད་པར་མཐོང་ཆེན་བྱ་དགོས། གཉེན་ཉེའི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་བྱེད་མི་སྣར་སློབ་གསོ་དང་དོ་དམ་ནན་པོ་བཅས་བྱས་ཏེ་དབང་ཆ་དྲང་གཞག་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ་དུས་རབས་གསར་པའི་སི་ཁྲོན་གྱི་ལོ་རྒྱུས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་བརྩམས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་འབོད་སྐུལ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་ཏང་གི་འཐུས་མི་ཚོས་གྲོས་ཞིབ་འདི་འདྲ་བྱས་འདུག།
  • ལེ་ཚན་རྗེས་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་མིང་ཐོ།
  • དོ་སྣང་ཆེ་བའི་རྩོམ།