ཁམས་པ་རབ་དབྱངས། 2022-05-30
རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་བསྡུས་པ། །
རྒྱལ་བའི་ཡུམ་གཅིག་ལྷ་མོ་དབྱངས་ཅན་མཆོག །
རྒྱལ་བའི་ཤེས་རབ་ཡོངས་སུ་གྲོལ་བའི་ལྷ། །
རྒྱལ་བ་དབྱངས་ཅན་ལྷ་མོས་སྲུང་གྱུར་ཅིག །
བརྩེ་ཆེན་འོད་སྣང་སྦྱིན་པའི་འཁྱིལ་ས་ནས། །
རྟེན་འབྱུང་ངག་གི་རོལ་མོ་འཁྲོལ་བའི་ཚེ། །
ཀུན་རྫོབ་བུ་མོ་དབྱངས་ལ་འཁྲེང་བའི་རྗེས། །
སྣང་བ་སྲིད་པའི་ཁམས་ནས་མགུར་ཞིག་བླངས། །
རིག་འཛིན་མེ་ཏོག་མཆོད་པའི་ཉེར་དྲུང་དུ། །
ཚིག་གི་དངོས་གྲུབ་ཞུ་བའི་དབྱངས་ཅན་མ། །
ངག་རིག་སྣང་བ་གྲོལ་བའི་ཤུགས་འབྱུང་གིས། །
གཉུག་མའི་སེམས་ཉིད་གྲོལ་བའི་མགུར་ཞིག་བླངས། །
ཚིག་གི་ཉམས་སྣང་སྟེར་བའི་རྩེད་འཇོ་ལ། །
དབྱངས་ཀྱི་བསྡུས་གཟུགས་སྒྱུ་མའི་འཕྲུལ་ལ་བྲིས། །
འཁོར་བའི་སྣང་སྲིད་སྤྲོ་བའི་ཉམས་རོལ་ལ། །
སྣང་སྲིད་དབྱངས་ལ་བརྩམས་པའི་མགུར་ཞིག་བླངས། །
མཛེས་སྡུག་སྤུ་རིས་མཛེས་པའི་མཚར་སྡུག་ལ། །
མཆོང་ལྡིར་གར་གྱིས་རྩེད་དགའ་གྲོལ་བའི་མོད། །
དགེ་ལེགས་བྱེ་བའི་ཆ་ཤས་འགུགས་པའི་རྗེས། །
མཛའ་བ་གྲོགས་སུ་བསྟབས་ནས་མགུར་ཞིག་བླངས། །
ངག་རིག་འདབ་སྟོང་བཞད་པའི་གེ་སར་ལ། །
ཚོགས་དྲུག་བུང་བའི་མགྲིན་གླུ་ཅི་ལྟར་འཁྲོལ། །
ཟག་མེད་དབྱངས་ལ་བསྐུས་པའི་ཟློས་གར་གྱིས། །
ཡིད་འཛིན་ལྷ་མོ་གསོལ་བའི་མགུར་ཞིག་བླངས། །
དྲན་རྟོག་འཕྱོ་བའི་རླབས་ཀྱི་སྒེག་འགྲོས་ཀྱིས། །
ཚིག་རྒྱན་ངོ་མཚར་སྤྲད་པའི་རྨད་བྱུང་བསྩལ། །
ཐུགས་རྗེའི་ཉི་ཟེར་གཡོ་བའི་ཉམས་སྣང་ལ། །
མི་ཕྱེད་དད་པ་གསོལ་བའི་མགུར་ཞིག་བླངས།།
ཚིག་གཏེར་མཛོད་ཀྱི་མཁྱེན་པ་རབ་གསལ་བ། །
ཕན་བདེའི་དྲི་བསུང་འཐུལ་བའི་ཆར་ཆེན་ཕབས། །
སྣང་བའི་ངག་གི་མདུད་པ་བཤིགས་པའི་རྗེས། །
འདུ་བྲལ་ཉེར་བསྡོགས་བྲིས་པའི་མགུར་ཞིག་བླངས། །
ཚོགས་གཉིས་མེ་ཏོག་གྲོལ་བའི་ཡང་སྟེང་ལ། །
རྣམ་ཀུན་ཞི་བའི་མཆོད་སྡོང་རབ་རྩེན་པའི། །
རིག་འཛིན་བརྡ་གླུ་མཆོད་པའི་སྤྲིན་ཕུང་ལ། །
འགག་མེད་ཐོས་བྱུང་བསྩལ་བའི་མགུར་ཞིག་བླངས། །
མང་ཐོས་བྱེ་བའི་གཏེར་བརྒྱ་ལེགས་འཁྲུངས་པ། །
ཤེས་རབ་སྤྱན་ཆུ་འཐོར་བའི་ལེགས་མཛེས་མ། །
འཁོར་འདས་སྲིད་པའི་ཀུན་རྟོག་རབ་སྤངས་ནས། །
སྣང་བའི་ཐོས་བྱུང་གྲོལ་བའི་མགུར་ཞིག་བླངས། །
གང་ཞིག་ཡིད་ལ་སིམ་པའི་ནགས་ཚལ་དུ། །
དལ་གྱིས་རྒྱུ་བའི་དབེན་པའི་རི་སུལ་ནས། །
འདབ་ལོའི་སྒྲ་དབྱངས་སིལ་སིལ་གཡོ་བ་ན། །
སྒྱུ་མའི་ཆོ་ག་འདྲ་བའི་མགུར་ཞིག་བླང་།
རིག་བྱེད་ཚིག་གི་མཆོད་བསྟོད་དྭངས་མ་ལ། །
རྫོགས་ལྡན་དབྱངས་ཀྱི་ཞུ་འཕྲིན་རོལ་མོ་ཡིས། །
རིག་འཛིན་བདེ་བའི་ས་ལམ་ཡངས་པོ་ནས། །
ཐར་བའི་གྲུ་གཟིངས་འཇུག་པའི་མགུར་ཞིག་བླངས། །
རབ་བྱེད་ཚིག་ལ་བཏགས་པའི་རྗེས་ཤུལ་ནས། །
ཤུགས་འབྱུང་ངག་གི་དབྱངས་རྟ་ཐོལ་གླུ་འདི། །
སྣང་སེམས་མེ་ཏོག་བཞད་པའི་འབྱམས་ཀླས་སུ། །
སྒྱུ་འཕྲུལ་ལྷ་མོའི་བསྙེན་པའི་མགུར་ཞིག་བླངས། །
རིག་འཛིན་མེ་ཏོག་མཆོད་པའི་ཉེར་དྲུང་དུ། །
སྣང་བའི་ཡིད་ཁམས་འདི་ཡིས་ཕ་རོལ་ནས། །
རྟེན་འབྱུང་ངག་གི་ཚོར་ཤེས་འདི་དག་གིས། །
མ་བཅོས་ཉམས་སུ་ལེན་པའི་མགུར་ཞིག་བླངས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10