ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་བྱེད་ཐབས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2022-05-27

 ལེའུ་དང་པོ།  སྤྱིའི་རྩ་དོན།

  དོན་ཚན་དང་པོ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལ་ཤུགས་རྒྱག་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་དད་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་བཅའ་ཁྲིམས》དང་།《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་འབྲེལ་ཡོད་གཏན་འབེབས་ལྟར་བྱེད་ཐབས་འདི་གཏན་དུ་ཕབ་ཡོད།

  དོན་ཚན་གཉིས་པ། བྱེད་ཐབས་འདིའི་ནང་དུ་འབོད་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཞེས་པ་ནི《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》སོགས་ཀྱི་གཏན་འབེབས་ལྟར་ཐོ་འགོད་བྱས་པའི་དགོན་སྡེ་དང་། ལྷ་ཁང་། དབྱི་སི་ལན་གྱི་ཆོས་ཁང་། ཆོས་ཁང་། དེ་བཞིན་གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་གཞན་དག་བཅས་ལ་ཟེར་བ་རེད།

  དོན་ཚན་གསུམ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ཐད་ཁྲིམས་དང་སྒྲིག་སྲོལ་ལྟར་དང་། བདེན་པ་འཐུས་ཚང་། བདེ་འཇགས་གོ་ཆོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོང་དགོས།

  དོན་ཚན་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ནང་ཁུལ་གྱི་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནང་ཁུལ་གྱི་ནོར་དོན་དོ་དམ་ལམ་ལུགས་དེ་ཆོས་ལུགས་བྱེད་སྒོ་སྤེལ་ས་ཐོ་འགོད་བྱེད་མཁན་ཆོས་ལུགས་ལས་དོན་སྡེ་ཁག་ལ་སྙན་སེང་ཐོ་འགོད་ཞུ་དགོས།

  དོན་ཚན་ལྔ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལ་གཤམ་གྱི་ལས་འགན་དག་འདུས་ཏེ།

(གཅིག)ནང་ཁུལ་གྱི་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་རང་གི་ནོར་དོན་བྱེད་སྒོར་དོ་དམ་དང་ལྟ་སྐུལ་བྱ་རྒྱུ །

(གཉིས།)རྩིས་གཉེར་ཞིབ་རྩིས་རྒྱག་པ་དང་། ནོར་དོན་རྩིས་གཉེར་གྱི་སྙན་སེང་བཟོ་བ། ནོར་དོན་ཡོངས་བསྒྲགས་བྱེད་པ་བཅས་ཀྱི་ཐོག་ནས་རང་གི་ནོར་དོན་གྱི་གནས་ཚུལ་ཇི་མ་ཇི་བཞིན་མཚོན་ཐུབ་དགོས།

(གསུམ།)སྔོན་རྩིས་ལུགས་དང་མཐུན་པར་བཟོ་དགོས་པ་དང་། མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་དང་གྲོན་ཆུང་གིས་བེད་སྤྱོད་བྱས་ནས། བྱེད་སྒོ་སྤེལ་ས་རང་གི་ལས་དོན་རྒྱུན་ལྡན་དུ་འཁོར་སྐྱོད་ཡོང་བར་འགན་སྲུང་བྱ་དགོས།

(བཞི།)བྱེད་སྒོ་སྤེལ་ས་རང་གི་གཏོང་ཡོང་དོ་དམ་ཚད་ལྡན་དུ་གཏོང་བ་དང་། ཞིབ་བཤེར་མཆན་འགོད་གོ་རིམ་ནན་དུ་གཏང་དགོས།

(ལྔ།)བྱེད་སྒོ་སྤེལ་ས་རང་གི་རྒྱུ་ནོར་དོ་དམ་བྱེད་སྟངས་ཚད་ལྡན་དུ་བཏང་ནས་རྒྱུ་ནོར་ཤོར་བར་སྔོན་འགོག་དང་། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

   དོན་ཚན་དྲུག་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཁྲིམས་མཐུན་རྒྱུ་ནོར་དང་ཁེ་ཕན་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་ཀྱི་ཡོད་པས། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་བཙན་བཟུང་དང་། ཧམ་འཕྲོག། ལྐོག་བགོས།། གཏོར་བརླག་བཅས་དང་ཡང་ན་ཁྲིམས་འགལ་གྱིས་སྒོ་རྒྱ་ཐེལ་གནོན་དང་། བཙན་ཉར་བྱེད་པ། སྤྱོད་མཚམས་འཇོག་པ། གཞུང་བཞེས་གཏོང་བ། ཆད་པ་གཅོད་པ་བཅས་བྱེད་མི་ཆོག།  

   དོན་ཚན་བདུན་པ། ཆོས་ལུགས་ལས་དོན་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གིས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལ་ཁྲིམས་ལྟར་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ། 

ལེའུ་གཉིས་པ།  ནོར་དོན་དོ་དམ་ལས་ཁུངས་དང་མི་སྣའི་སྐོར།

  དོན་ཚན་བརྒྱད་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ནོར་དོན་དོ་དམ་ལས་ཁུངས་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས་པ་དང་། རྩིས་གཉེར་བ་དང་།དངུལ་གཉེར་བ། རྒྱུ་ནོར་དོ་དམ་པ་སོགས་དགོས་ངེས་ཀྱི་ནོར་དོན་མི་སྣ་བཀོད་སྒྲིག་བྱ་དགོས། ནོར་དོན་དོ་དམ་ལས་ཁུངས་ཀྱིས་སྤེལ་ས་རང་གི་དོ་དམ་རྩ་འཛུགས་ཀྱི་འགོ་ཁྲིད་འོག་རང་གི་ནོར་དོན་ལ་གཅིག་གྱུར་གྱིས་དོ་དམ་བྱ་རྒྱུ།

  དོན་ཚན་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལས་ཁུངས་ནི་སྤྱིར་བཏང་དུ་ནོར་དོན་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བ་དང་ནོར་དོན་མི་སྣ་སོགས་ལས་འགྲུབ་དགོས། རྩིས་པ་དང་དངུལ་གཉེར་བ་ལ་རྩིས་གཉེར་ལས་ཀར་མཁོ་བའི་ཆེད་ལས་ཀྱི་ནུས་པ་ཡོད་དགོས།

  ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལས་ཁུངས་ཀྱི་ཁོངས་མི་གྲུབ་སྟངས་ཐད་ལས་གནས་མི་མཐུན་པ་ལོགས་སུ་འབྱེད་པའི་རྩ་དོན་དང་ལས་གནས་འཁུར་རིང་གཟུར་གཡོལ་བྱ་རྒྱུའི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།རྩིས་པའི་ལས་གནས་དང་འབྲེལ་ཡོད་ཀྱི་ཁྲིམས་འགལ་བྱ་སྤྱོད་བྱུང་སྟེ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱས་པ་དང་། ཡང་ན་རྩིས་གཉེར་ལས་དོན་སྒྲུབ་མི་རུང་བའི་སྲིད་འཛིན་ཆད་གཅོད་ཕོག་པའི་དུས་སྐབས་སུ་གནས་པའི་མི་སྣས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལས་ཁུངས་ཀྱི་འགན་འཁུར་པ་དང་། རྩིས་གཉེར་བ།དངུལ་གཉེར་བ་སོགས་བྱེད་མི་ཆོག།  

   དོན་ཚན་བཅུ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱི་འགན་འཁུར་བ་ནི་བྱེད་སྒོ་སྤེལ་ས་དེ་ཉིད་ཀྱི་ནོར་དོན་དོ་དམ་འགན་འཁུར་བ་ཡིན་པས། ངེས་པར་དུ་བྱེད་སྒོ་སྤེལ་ས་རང་གི་ནོར་དོན་དོ་དམ་ལ་ཁྱོན་ཡོངས་ནས་འགན་འཁུར་དགོས་པ་དང་། ནོར་དོན་དོ་དམ་ལས་ཁུངས་དང་ནོར་དོན་མི་སྣས་ཁྲིམས་ལྟར་ནོར་དོན་དོ་དམ་བྱེད་པར་རྒྱབ་སྐྱོར་བྱ་དགོས། 

  དོན་ཚན་བཅུ་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བས་ནོར་དོན་དོ་དམ་སྐོར་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ལ་རྒྱུས་མངའ་ཡོད་དགོས་པ་དང་། བྱེད་སྒོ་སྤེལ་ས་རང་གི་ནོར་དོན་དོ་དམ་གྱི་ལས་ཀ་སྒྲུབ་འགན་ཞིབ་ཕྲ་འཁུར་དགོས་པར་མ་ཟད་སྒྲིག་འཛུགས་ཀྱང་བྱ་དགོས།

  དོན་ཚན་བཅུ་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་མི་སྣས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ནོར་དོན་དང་། རྒྱུ་ནོར། རྩིས་གཉེར་གྱི་གཏན་འབེབས་དང་དེ་བཞིན་བྱེད་ཐབས་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་བཀག་འགོག་བྱ་དགོས། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་མི་སྣར་རྡུང་རྡེག་འཁོན་སློག་བྱེད་མི་ཆོག། 

  དོན་ཚན་བཅུ་གསུམ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་རྩིས་པས་རྒྱལ་ཁབ་ཀྱི་ གཅིག་གྱུར་རྩིས་གཉེར་ལམ་ལུགས་ཀྱི་གཏན་འབེབས་གོ་རིམ་དང་བླང་བྱ་ལྟར་རྩིས་གཉེར་ཞིབ་རྩིས་རྒྱག་པའི་ལས་ཀ་བྱས་ཏེ། ཞིབ་རྩིས་ལས་མཚོན་པའི་རྩིས་གཉེར་ཆ་འཕྲིན་ཁྲིམས་མཐུན་དང་། བདེན་པ། ཡང་དག་པ། དུས་ཐོག་ཡིན་པ། འཐུས་ཚང་བ་བཅས་ཡོང་བར་ཁག་ཐེག་བྱ་དགོས།

  དོན་ཚན་བཅུ་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་དངུལ་གཉེར་བས་ངེས་པར་དུ་ཁྲིམས་དང་སྒྲིག་སྲོལ་ལྟར་བྱེད་སྒོ་སྤེལ་ས་རང་གི་ལག་དངུལ་སྤྲོད་ལེན་དང་དངུལ་ཁང་དུ་བསྡོམས་རྩིས་རྒྱག་ཅིང་།  མཛོད་ཉར་ལག་དངུལ་དང་རིན་ལྡན་འཛིན་ཤོག་སོགས་ཉར་ཚགས་བྱ་དགོས།

   དོན་ཚན་བཅོ་ལྔ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་མི་སྣ་བརྗེ་དགོས་ཚེ་བྱེད་སྒོ་སྤེལ་ས་དེ་གའི་དོ་དམ་རྩ་འཛུགས་ཀྱི་ཐུན་མོང་གིས་ཞིབ་འཇུག་བྱས་ཏེ་ཐག་བཅད་པར་མ་ཟད། རྩིས་སྤྲོད་རྩིས་ལེན་གྱི་འགྲོ་ལུགས་སྒྲུབ་པར་ལྟ་སྐུལ་ཡང་བྱ་དགོས།

 ལེའུ་གསུམ་པ། རྩིས་གཉེར་ཞིབ་རྩིས་རྒྱག་པའི་དོ་དམ་སྐོར།

  དོན་ཚན་བཅུ་དྲུག་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་དམངས་ཁྲོད་ཁེ་གཉེར་མ་ཡིན་པའི་རྩ་འཛུགས་ཀྱི་རྩིས་གཉེར་ལམ་ལུགས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་རྩིས་གཉེར་རྩིས་ཐོ་བཟོ་དགོས་པར་མ་ཟད། དེ་ཉིད་བདེན་པ་དང་ཆ་ཚང་ཡོང་བར་ཁག་ཐེག་བྱ་དགོས།

  དོན་ཚན་བཅུ་བདུན་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་དངུལ་བུན་གཏོང་ལེན་གྱི་རྩིས་ཐོར་འགོད་པའི་ཐབས་སྤྱད་དེ་རྩིས་གཉེར་ཞིབ་རྩིས་བརྒྱག་དགོས།

  དོན་ཚན་བཅོ་བརྒྱད་པ། རྩིས་གཉེར་ཞིབ་རྩིས་རྒྱག་སྐབས་དཔལ་འབྱོར་ལས་སྒོའི་ཐོག་གི་མ་འཛིན་གཞི་འཛིན་སར་བྱས་ཏེ་བདེན་པ་དང་ཆ་ཚང་ཡོང་བར་བྱ་དགོས།

  རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་བྱེད་ཐབས་གང་རུང་ལ་བརྟེན་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་རྩིས་གཉེར་བ་ལ་རྩིས་གཉེར་དཔང་འཛིན་དང་རྩིས་གཉེར་རྩིས་ཐོ་རྫུན་བཟོ་དང་སྒྱུར་བཟོ་བྱེད་པ་དང་། ནོར་དོན་རྩིས་གཉེར་སྙན་སེང་རྫུན་མ་བཟོ་བ་དང་ཡང་ན་ཁྲིམས་ལྟར་ཉར་ཚགས་བྱ་དགོས་པའི་རྩིས་གཉེར་དཔང་འཛིན་དང་། རྩིས་གཉེར་རྩིས་དེབ། ནོར་དོན་རྩིས་གཉེར་སྙན་སེང་བཅས་སྦས་སྐུང་དང་ཤེས་བཞིན་དུ་མེད་པར་བཟོ་རྒྱུའི་བཀོད་པ་གཏོང་བ་དང་། ངན་སྐུལ། བཙན་བཀའ་འབེབས་པ་བཅས་བྱེད་མི་ཆོག།

  དོན་ཚན་བཅུ་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་རྒྱལ་ཁབ་ཀྱི་རྩིས་གཉེར་ཡིག་ཚགས་དོ་དམ་ལམ་ལུགས་ལྟར་རྩིས་གཉེར་དཔང་འཛིན་དང་། རྩིས་གཉེར་རྩིས་ཁྲ། ནོར་དོན་རྩིས་གཉེར་སྙན་སེང་། རྩིས་གཉེར་ཡིག་ཆ་གཞན་དག་བཅས་ཀྱི་ཡིག་ཚགས་བཟོ་བ་དང་འབྲེལ་ཉར་ཚགས་ལེགས་པར་བྱ་དགོས།

  དོན་ཚན་ཉི་ཤུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ལས་ཀའི་དགོས་མཁོར་གཞིགས་ནས་ཆོག་མཆན་ཐོབ་ནས་བཙུགས་པའི་ལས་ཁུངས་ལ་མངག་བཅོལ་བྱས་ཏེ་རྩིས་ཐོར་ཚབ་སྒྲུབ་བྱེད་དུ་བཅུག་ཆོག།

ལེའུ་བཞི་པ། སྔོན་རྩིས་དོ་དམ་སྐོར།

  དོན་ཚན་ཉེར་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་སྤྱིར་བཏང་དུ་བྱེད་སྒོ་སྤེལ་ས་དེ་གའི་ལོ་འཁོར་སྔོན་རྩིས་གཏན་འབེབས་བྱས་ཏེ། ཐོ་འགོད་དོ་དམ་སྡེ་ཁག་ལ་ཞུས་ནས་ཐོ་འགོད་བྱ་དགོས་པར་མ་ཟད། བྱེད་ཐབས་འོས་འཚམ་སྤྱད་ནས་ས་དེའི་དད་ལྡན་སྤྱི་དམངས་ལ་བརྡ་ཁྱབ་གཏང་དགོས།

  དོན་ཚན་ཉེར་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ལོ་འཁོར་སྔོན་རྩིས་ནི་ཡོང་སྒོའི་སྔོན་རྩིས་དང་གཏོང་སྒོའི་སྔོན་རྩིས་ལས་གྲུབ་པ་ཡིན། སྔོན་རྩིས་བྱེད་སྐབས་སྤྱིར་བཏང་དུ་རང་གིས་གཏོང་ཡོང་དོ་སྙོམས་ཡོང་ཐབས་བྱས་ནས་ཡོང་འབབ་ལ་གཞིགས་ཏེ་འགྲོ་གྲོན་གཏང་དགོས།  

ལེའུ་ལྔ་པ། ཡོང་འབབ་དོ་དམ་སྐོར།

  དོན་ཚན་ཉེར་གསུམ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཡོང་འབབ་ལ་གཤམ་གྱི་རིགས་འདུས་ཏེ།

(གཅིག)ཆོས་ལུགས་ཀྱི་ཞབས་འདེགས་ཞུ་བའི་ཡོང་འབབ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་སྒོ་འཛིན་བཙོངས་པའི་ཡོང་འབབ།

(གཉིས།)རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་མངའ་ཁོངས་ཕྱི་ནང་གི་རྩ་འཛུགས་དང་མི་སྒེར་གྱིས་ཞལ་འདེབས་ཕུལ་བའི་ཡོང་འབབ།

(གསུམ།)ཆོས་ལུགས་ཀྱི་མཁོ་ཆས་དང་། ཆོས་ལུགས་ཀྱི་སྒྱུ་རྩལ་ཐོན་རྫས། ཆོས་ལུགས་ཀྱི་དཔེ་སྐྲུན་དངོས་པོ་བཅས་འཚོང་བ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུ་ནོར་བོགས་མར་བཏང་ནས་ཐོབ་པའི་ཡོང་འབབ།

(བཞི།)སྲིད་གཞུང་གི་ཁ་གསབ་ཐོབ་པའི་ཡོང་འབབ།

(ལྔ།)ཁྲིམས་མཐུན་གྱི་ཡོང་འབབ་གཞན་དག་བཅས་ཡིན།

   དོན་ཚན་ཉེར་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཡོང་འབབ་སྣ་ཚོགས་དུས་ཐོག་ཏུ་རྩིས་ཐོར་བཀོད་ནས་བྱེད་སྒོ་སྤེལ་ས་དེ་གའི་ནོར་དོན་དོ་དམ་བྱེད་ཁོངས་སུ་གཟུད་དགོས།

  དོན་ཚན་ཉེར་ལྔ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ལས་ཁུངས་ཀྱི་དངུལ་ཁང་གི་བསྡོམས་རྩིས་རྩིས་ཐོ་བཟོ་དགོས་པར་མ་ཟད། དངུལ་ཁང་གི་ཐོ་ཁུངས་རྩིས་ཁྲའི་ཆ་འཕྲིན་ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་འགོད་བྱ་རྒྱུར་འབུལ་དགོས།

  ཆོས་ལུགས་བྱེད་སྒོ་སྤེལ་སའི་ཡོང་འབབ་ཁག་སྡེ་ཚན་དངུལ་ཁང་གི་བསྡོམས་རྩིས་ཐོ་ཁོངས་སུ་བཅོལ་དགོས་པ་ལས། མི་སྒེར་གྱི་ཐོ་ཁོངས་སུ་བཅོལ་མི་ཆོག་པ་དང་། མི་སྒེར་གྱི་གཏོང་སྤྲོད་ནོར་བྱང་དང་འཕྲིན་ཕྲན་སོགས་འབྲེལ་དྲྭའི་ཐོག་ནས་གཏོང་སྤྲོད་བྱེད་སྟངས་སྤྱད་དེ་བསྡུ་ལེན་བྱེད་མི་ཆོག།

   དོན་ཚན་ཉེར་དྲུག་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་མངའ་ཁོངས་ཕྱི་ནང་གི་རྩ་འཛུགས་དང་མི་སྒེར་གྱི་ཞལ་འདེབས་ལེན་སྐབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་ཞུ་དགོས་པར་མ་ཟད། ཞལ་འདེབས་རྒྱག་མཁན་ལ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་གིས་གཅིག་གྱུར་གྱིས་སྒྲིག་ཨང་བཟོས་པའི་བྱུང་འཛིན་སྤྲད་དགོས་པ་དང་བྱེད་སྒོ་སྤེལ་ས་དེ་གའི་ཐམ་ག་བརྒྱག་དགོས། ཞལ་འདེབས་རྒྱག་མཁན་གྱིས་རང་མིང་མི་འགོད་པ་དང་ཡང་ན་བྱུང་འཛིན་བསྐྱུར་བ་ཡིན་ན། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་འབྲེལ་ཡོད་ཟིན་ཐོ་ལེགས་པོ་དགོད་དགོས། ཞལ་འདེབས་བླངས་རིགས་དུས་ཐོག་ཏུ་རྩིས་ཐོར་དགོད་དགོས།

   ཆོས་ལུགས་བྱེད་སྒོ་སྤེལ་སར་ཞལ་འདེབས་སྒམ་བཙུགས་ཡོད་ན། མི་གསུམ་དམིགས་འཛུགས་ནས་ཞལ་འདེབས་སྒམ་ལ་དོ་དམ་བྱ་དགོས། ཞལ་འདེབས་སྒམ་ཁ་ཕྱེ་སྐབས་མི་གསུམ་ག་དེ་གར་ཡོད་དགོས། ས་དེ་གར་ཞལ་འདེབས་དངུལ་གྲངས་རྩིས་བཤེར་དང་ཐོ་འགོད་བྱ་དགོས་པར་མ་ཟད། མི་གསུམ་གྱིས་མིང་རྟགས་བཀོད་བྱེད་སྒོ་སྤེལ་ས་དེ་གའི་ནོར་དོན་མི་སྣར་སྤྲད་ནས་རྩིས་ཐོར་དགོད་དགོས།

   ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་བཙུགས་པའི་དགེ་སྒྲུབ་རྩ་འཛུགས་ཀྱིས་དགེ་སྒྲུབ་ཞལ་འདེབས་ལེན་པར《དགེ་སྒྲུབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།

   དོན་ཚན་ཉེར་བདུན་པ། ཆོས་ལུགས་ལས་དོན་མི་སྣ་དང་མི་སྣ་གཞན་དག་གང་རུང་གིས་ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུ་ནོར་བདག་གིར་བྱེད་མི་ཆོག།  

   ཆོས་ལུགས་ལས་དོན་མི་སྣས་བླངས་པའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཞལ་འདེབས་དངུལ་རྫས་ཡིན་ན། བྱེད་ཐབས་འདིའི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་ལྟར་བྱུང་འཛིན་སྤྲད་པ་དང་འབྲེལ་དུས་ཐོག་ཏུ་རྩིས་ཐོར་དགོད་དགོས།

   དོན་ཚན་ཉེར་བརྒྱད་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་སྲིད་གཞུང་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཡོང་འབབ་ཐོབ་པ་དག་ལོགས་སུ་ཞིབ་རྩིས་བརྒྱག་དགོས་ལ་དོ་དམ་ནན་པོ་བྱ་དགོས།

   དོན་ཚན་ཉེར་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ཁྲིམས་ལྟར་ཁྲལ་དོན་ཐོ་འགོད་དང་ཁྲལ་སྒྲུབ་སྙན་སེང་འབུལ་དགོས་ལ། ཁྲིམས་ལྟར་དཔྱ་ཁྲལ་འཇལ་བ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་བསྡུའི་ལྟ་སྐྱོང་ལོངས་སུ་སྤྱད་དགོས།

 ལེའུ་དྲུག་པ། གཏོང་སྒོ་དོ་དམ་སྐོར།

   དོན་ཚན་སུམ་ཅུ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་གཏོང་སྒོ་ལ་གཤམ་གྱི་རིགས་འདུས་ཏེ།

(གཅིག)ཆོས་ལུགས་བྱེད་སྒོ་སྤེལ་བའི་གཏོང་སྒོ།

(གཉིས།)གཞི་རྩའི་འཛུགས་སྐྲུན་ལས་བྱུང་བའི་གཏོང་སྒོ།

(གསུམ)ཆོས་ལུགས་ལས་དོན་མི་སྣའི་འཚོ་བའི་གཏོང་སྒོ་དང་། ལས་བྱེད་མི་སྣའི་གླ་ཆའི་གཏོང་སྒོ། ཆུ་རིན་དང་གློག་རིན་སོགས་ནམ་རྒྱུན་གྱི་གཏོང་སྒོ།

(བཞི།)ཆོས་ལུགས་ཀྱི་མཁོ་ཆས་དང་། ཆོས་ལུགས་ཀྱི་སྒྱུ་རྩལ་ཐོན་རྫས། ཆོས་ལུགས་ཀྱི་དཔེ་སྐྲུན་ཡིག་རིགས་བཅས་ཉོ་བྱེད་ཀྱི་གཏོང་སྒོ།

(ལྔ།)སྤྱི་ཕན་དགེ་སྒྲུབ་བྱ་གཞག་དང་སྤྱི་ཚོགས་ཀྱི་ཞབས་ཞུ་གཞན་དག་གཉེར་བའི་གཏོང་སྒོ།

(དྲུག)ཁྲིམས་མཐུན་གྱི་གཏོང་སྒོ་གཞན་དག་བཅས་ཡིན།

   དོན་ཚན་སོ་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཡོང་འབབ་རྣམས་བྱེད་སྒོ་སྤེལ་ས་དེ་གའི་དམིགས་ཡུལ་དང་མཐུན་པའི་བྱེད་སྒོར་སྤྱད་དགོས་པ་ལས། བགོ་བཤའ་རྒྱག་པར་སྤྱད་མི་ཆོག་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་ཁྱབ་ཁོངས་དང་བྱེད་སྒོར་སྤྱད་མི་ཆོག།

   དོན་ཚན་སོ་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ནོར་དོན་གཏོང་སྒོའི་ཞིབ་བཤེར་མཆན་འགོད་ལམ་ལུགས་གཏན་འབེབས་བྱས་ཤིང་ལག་བསྟར་ནན་པོ་བྱ་དགོས།

   ཆོས་ལུགས་བྱེད་སྒོ་སྤེལ་སའི་གཏོང་སྒོ་བྱེད་སྒོ་སྤེལ་ས་དེ་གའི་ནོར་དོན་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བས་མིང་བཀོད་དེ་མོས་མཐུན་བྱས་རྗེས། བྱེད་སྒོ་སྤེལ་ས་དེ་གའི་དོ་དམ་རྩ་འཛུགས་ཀྱི་འགན་འཁུར་པར་ཞིབ་མཆན་དགོད་རྒྱུར་འབུལ་དགོས། ཆོས་ལུགས་བྱེད་སྒོ་སྤེལ་སའི་གྲངས་འབོར་ཆེ་བའི་གཏོང་སྒོ་ནི་བྱེད་སྒོ་སྤེལ་ས་དེ་གའི་དོ་དམ་རྩ་འཛུགས་ཀྱི་ཐུན་མོང་གིས་ཞིབ་འཇུག་བྱས་ཏེ་ཐག་གཅད་དགོས། དད་ལྡན་སྤྱི་དམངས་ཀྱི་བསམ་འཆར་ལ་ཉན་དགོས་ཚེ་ངེས་པར་དུ་དད་ལྡན་སྤྱི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱ་དགོས། གྲངས་འབོར་ཆེ་བའི་གཏོང་སྒོའི་གྲངས་འབོར་གྱི་ཚད་གཞི་ནི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་དེའི་ནང་ཁུལ་གྱི་ནོར་དོན་དོ་དམ་ལམ་ལུགས་ནང་གཏན་འབེབས་བྱ་རྒྱུ།

   དོན་ཚན་སོ་གསུམ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ལ་ཐོབ་པའི་སྲིད་གཞུང་གི་གསབ་དངུལ་གྱི་ཡོང་འབབ་རྣམས་ཆེད་དངུལ་ཆེད་སྤྱོད་བྱ་དགོས་པ་ལས་གཞན་དུ་སྤྱོད་མི་ཆོག།

   དོན་ཚན་སོ་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་གྲོན་དངུལ་གཡར་བསྐྱིའི་གནས་ཚུལ་བྱེད་སྒོ་སྤེལ་ས་དེ་གའི་དོ་དམ་རྩ་འཛུགས་ཀྱི་ཐུན་མོང་གིས་ཞིབ་འཇུག་ཐག་གཅོད་བྱ་དགོས་པར་མ་ཟད་ཚོགས་འདུའི་ཟིན་བྲིས་གནད་བསྡུས་བཟོ་དགོས། དངུལ་བུན་གཏོང་ལེན་བྱེད་མཁན་ཕྱོགས་གཉིས་ཀས་ཁྲིམས་མཐུན་དང་ནུས་ལྡན་གྱི་དངུལ་བུན་གཏོང་ལེན་སྐོར་གྱི་གན་རྒྱ་གཞག་དགོས།

  ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་གཡར་བའི་དངུལ་བུན་དུས་ལྟར་སྐྱིན་ཚབ་འཇལ་བར་ཁག་ཐེག་བྱ་དགོས།

  ཆོས་ལུགས་བྱེད་སྒོ་སྤེལ་ས་ནས་གཡར་བའི་དངུལ་གྲངས་ཅུང་མང་ན། དངུལ་བུན་གཡར་མཁན་ལ་ཁག་ཐེག་གམ་ཡང་ན་གཏའ་མ་འཇོག་པའི་བླང་བྱ་འདོན་དགོས།

  ཆོས་ལུགས་བྱེད་སྒོ་སྤེལ་ས་ཁྲིམས་འགལ་གྱི་དམངས་ཁྲོད་དངུལ་བུན་གཏོང་ལེན་དང་རྣམ་པ་གང་རུང་གི་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོའི་ནང་ཞུགས་མི་ཆོག།  

ལེའུ་བདུན་པ། རྒྱུ་ནོར་དོ་དམ་སྐོར།

   དོན་ཚན་སོ་ལྔ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་རྒྱུ་ནོར་དོ་དམ་ལམ་ལུགས་གཏན་འབེབས་བྱས་ཏེ། བྱེད་སྒོ་སྤེལ་ས་དེ་གའི་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས།

   དོན་ཚན་སོ་དྲུག་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་རྒྱུ་ནོར་ལ་འཁོར་རྒྱུག་རྒྱུ་ནོར་དང་། གཏན་འཇགས་རྒྱུ་ནོར། གཟུགས་མེད་རྒྱུ་ནོར། རིག་དངོས་རིག་གནས་རྒྱུ་ནོར་སོགས་ཚུད་ཡོད།

   དོན་ཚན་སོ་བདུན་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་རྒྱུན་འཁོར་རྒྱུ་ནོར་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་པ་དང་། ལག་དངུལ་དང་། དངུལ་ཁང་གི་གསོག་དངུལ། དངུལ་ལེན་པའི་རྣམ་གྲངས། དངོས་ཟོག་ཉར་བ་སོགས་རྒྱུན་འཁོར་རྒྱུ་ནོར་ལ་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏང་དགོས།

  དོན་ཚན་སོ་བརྒྱད་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ཡིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་དེབ་གཞུང་བཟོས་ཏེ། གཏན་འཇགས་རྒྱུ་ནོར་གྱི་ཞིབ་གསལ་རྩིས་ཁྲའམ་གཏན་འཇགས་རྒྱུ་ནོར་གྱི་ཤོག་བྱང་བཟོས་ནས་དུས་བཀག་ལྟར་གཏན་འཇགས་རྒྱུ་ནོར་ལ་རྩིས་བཤེར་བྱ་དགོས།

   ཆོས་ལུགས་བྱེད་སྒོ་སྤེལ་སའི་གཏན་འཇགས་རྒྱུ་ནོར་བོགས་མར་གཏོང་བ་དང་། ནང་བཤུག་གཏོང་བ། བེད་མེད་དུ་གཏོང་བ་བཅས་བྱེད་སྐབས་ བྱེད་སྒོ་སྤེལ་ས་དེ་གའི་དོ་དམ་རྩ་འཛུགས་ཀྱི་ཐུན་མོང་གིས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱ་དགོས།

   དོན་ཚན་སོ་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ནས་མངོན་མེད་རྒྱུ་ནོར་བཤུག་སྤྲོད་བྱེད་སྐབས། བྱེད་སྒོ་སྤེལ་ས་དེ་གའི་དོ་དམ་རྩ་འཛུགས་ཀྱི་ཐུན་མོང་གིས་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱ་དགོས་པ་དང་། ཡོང་འབབ་ཐོབ་པ་དག་ས་བྱེད་སྒོ་སྤེལ་ས་དེ་གའི་ཡོང་འབབ་ཀྱི་ཁོངས་སུ་བརྩི་དགོས།

   དོན་ཚན་བཞི་བཅུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་བེད་སྤྱོད་པའི་ས་ཞིང་དང་ཁང་པ་སོགས་གཏན་འཇགས་རྒྱུ་ནོར་ཁྲིམས་ལྟར་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱ་རྒྱུའི་རེ་བ་ཞུས་ནས་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་ལེན་དགོས། རྒྱུ་ནོར་བདག་དབང་སྒྱུར་སྤོ་བྱས་ན་དུས་ཐོག་ཏུ་སྒྱུར་སྤོའི་ཐོ་འགོད་བྱ་དགོས། ཆོས་ལུགས་བྱེད་སྒོར་སྤྱད་པའི་ཁང་པ་དང་། བཟོ་བཀོད་དངོས་པོ། དེའི་ཞོར་གཏོགས་ཀྱི་ཆོས་ལུགས་ལས་དོན་མི་སྣའི་འཚོ་བའི་ཁང་པ་བཤུག་སྤྲོད་དང་། གཏའ་འཇོག། ཡང་ན་དངོས་པོ་མ་རྩར་འཇོག་མི་ཆོག།  

   དོན་ཚན་ཞེ་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་དོ་དམ་དང་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་རྣམས་རྩིས་ཐོར་དགོད་དགོས་པ་དང་། རིག་གནས་ཤུལ་དངོས་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལྟར་སྲུང་སྐྱོང་དང་བེད་སྤྱོད་གང་ལེགས་བྱ་དགོས།

   དོན་ཚན་ཞེ་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ཁྲིམས་ལྟར་བདག་བཟུང་བྱས་པའི་རྒྱལ་ཁབ་དང་ཐུན་མོང་ལ་དབང་བའི་རྒྱུ་ནོར་དང་དེ་བཞིན་སྲིད་གཞུང་གི་ཁ་གསབ་བརྒྱུད་ནས་ཐོབ་པའི་རྒྱུ་ནོར་རིགས་ཁག་ལ་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོ་དམ་དང་བེད་སྤྱོད་བྱ་དགོས།

ལེའུ་བརྒྱད་པ། ལྟ་སྐུལ་དང་དོ་དམ་སྐོར།

   དོན་ཚན་ཞེ་གསུམ་པ། ཆོས་ལུགས་ལས་དོན་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གིས་ཆོས་ལུགས་བྱེད་སྒོ་སྤེལ་སར་ནང་ཁུལ་གྱི་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་ཁྲིད་སྟོན་བྱ་དགོས་ཤིང་། ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་དང་། གནད་དོན་ཡོད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་ལ་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་བྱེད་ཅིང་། ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་པ་གཅད་དགོས།

   ཆོས་ལུགས་ལས་དོན་སྡེ་ཁག་དང་ནོར་སྲིད་སྡེ་ཁག། དེ་བཞིན་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་བཅས་ཀྱིས་སྒྲིག་འཛུགས་བྱས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ས་ལ་ནོར་དོན་དང་རྒྱུ་ནོར་ཞིབ་བཤེར། རྩིས་བཤེར་བཅས་བྱ་ཆོག།

   དོན་ཚན་ཞེ་བཞི་པ། ཆོས་ལུགས་ཚོགས་པས་ཆོས་ལུགས་བྱེད་སྒོ་སྤེལ་སར་ནང་ཁུལ་གྱི་ནོར་དོན་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་འབྲེལ་ལག་ལེན་དུ་བསྟར་བར་གཞོགས་འདེགས་དང་སྐུལ་འདེད་བྱས་ཏེ། ནོར་དོན་དོ་དམ་ཐད་གནད་དོན་ཡོད་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་དག་ཐེར་ཡོ་བསྲང་བྱ་རྒྱུར་རོགས་རམ་བྱ་དགོས།

   དོན་ཚན་ཞེ་ལྔ་པ། ཆོས་ལུགས་ལས་དོན་སྡེ་ཁག་དང་ནོར་སྲིད་སྡེ་ཁག། དེ་བཞིན་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་བཅས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལ་ཁྲིད་སྟོན་དང་ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པར་བྱེད་སྒོ་སྤེལ་ས་དེ་གས་དང་ལེན་བྱ་དགོས།

   དོན་ཚན་ཞེ་དྲུག་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་ལོ་རེའི་ལོ་མཇུག་ཟིན་རྗེས་ཀྱི་ཟླ་བ་གསུམ་གྱི་ནང་ཚུད་དུ་ཐོ་འགོད་དོ་དམ་ལས་ཁུངས་ལ་ལོ་གོང་མའི་ནོར་དོན་རྩིས་གཉེར་སྙན་སེང་དང་དེ་བཞིན་ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱས་ཚུལ་སོགས་མཁོ་འདོན་བྱ་དགོས།

  དོན་ཚན་ཞེ་བདུན་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་དུས་བཀག་ལྟར་བྱེད་ཐབས་འོས་འཚམ་གྱི་ཐོག་ནས་ནོར་དོན་གཏོང་ཡོང་བྱས་ཚུལ་དང་ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱས་ཚུལ་སྤྱི་བསྒྲགས་བྱ་དགོས་པ་དང་། དེ་གའི་ཆོས་དོན་མི་སྣ་དང་། ཞལ་འདེབས་རྒྱག་མཁན། དད་ལྡན་སྤྱི་དམངས་བཅས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། ཞལ་འདེབས་རྒྱག་མཁན་དང་ཆོས་དད་མང་ཚོགས་ཀྱིས་བཏོན་པའི་ལུགས་མཐུན་གྱི་བསམ་འཆར་དང་གྲོས་འགོ་དག་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱིས་དང་ལེན་བྱ་དགོས་པར་མ་ཟད། བྱེད་ཐབས་འོས་འཚམ་གྱི་ཐོག་ནས་ཞལ་འདེབས་རྒྱག་མཁན་དང་ཆོས་དད་མང་ཚོགས་ལ་ལྡོག་ལན་སྤྲད་དགོས།

   བྱེད་སྒོ་སྤེལ་ས་དེ་གའི་ལྟ་ཞིབ་པས(ལྟ་ཞིབ་པའི་ལྷན་ཚོགས)ཁྲིམས་མིར་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་། བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལས་ཁུངས་དང་དེའི་ལས་དོན་བཅས་ལ་ལྟ་སྐུལ་བྱེད་ཚེ་དེ་དག་གིས་དང་ལེན་བྱ་དགོས།

  དོན་ཚན་ཞེ་བརྒྱད་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་མི་སྣར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་བཅའ་ཁྲིམས》དང་འབྲེལ་ཡོད་ཀྱི་གཏན་འབེབས་གཞན་དག་ལྟར་ནོར་དོན་ལྟ་སྐུལ་དབང་ཆ་ལག་ལེན་བསྟར་དབང་ཡོད་པ་དང་། ནོར་དོན་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་བསམ་འཆར་འདོན་པ་དང་འབྲེལ་བྱེད་སྒོ་སྤེལ་ས་དེ་གའི་ཐོ་འགོད་དོ་དམ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གཞན་དག་ལའང་སྙན་སེང་ཞུ་དབང་ཡོད།

   དོན་ཚན་ཞེ་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་རྩ་འཛུགས་ཀྱི་འགན་འཁུར་བ་དང་ནོར་དོན་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བ་ལས་གནས་ལས་འབུད་སྐབས། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་ནས་དེར་ནོར་དོན་རྩིས་བཤེར་བྱ་དགོས།

   དོན་ཚན་ལྔ་བཅུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཐོ་ཁོངས་ནས་སུབ་པའམ་ཡང་ན་མཚམས་བཞག་པའི་སྐབས་སུ་གཙང་རྩིས་བརྒྱག་དགོས།

   ཆོས་ལུགས་བྱེད་སྒོ་སྤེལ་སར་གཙང་རྩིས་བྱེད་སྐབས། དེའི་ཐོ་འགོད་དོ་དམ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དང་ཁྲིད་སྟོན་འོག། གཙང་རྩིས་ཚོ་ཆུང་བཙུགས་ནས་དེ་གའི་རྒྱུ་ནོར་དང་། བུན་དབང་། བུ་ལོན་སོགས་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ། རྒྱུ་ནོར་གྱི་དཀར་ཆག་དང་། བུན་དབང་དང་བུ་ལོན་གྱི་ཞིབ་ཐོ་བཅས་བཟོ་རྒྱུ་དང་། རྒྱུ་ནོར་གོང་ཚད་འབེབས་པའི་གཞི་འཛིན་ས་དང་བུན་དབང་དང་། བུ་ལོན་ཐག་གཅོད་བྱེད་ཐབས་འདོན་པ། རྒྱུ་ནོར་རྩིས་སྤྲོད་དང་། རྩིས་ལེན། གཞན་བཤུག་དང་འབྲེལ་ཡོད་ལས་ཀ་བཅས་ལེགས་པར་བསྒྲུབ་རྒྱུ་དང་འབྲེལ། ཤུལ་ལུས་གནད་དོན་ཁག་ཐག་གཅོད་འོས་འཚམ་བྱ་དགོས།

   གཙང་རྩིས་རྒྱག་པའི་དུས་སུ་ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་གཙང་རྩིས་བྱེད་པ་ལས་གཞན་པའི་བྱེད་སྒོ་སྤེལ་མི་ཆོག།  

   གཙང་རྩིས་བརྒྱབ་རྗེས་ཀྱི་རྒྱུ་ནོར་ལྷག་མ་རྣམས་སྤེལ་ས་དེ་གའི་དམིགས་ཡུལ་དང་མཐུན་པའི་བྱ་གཞག་ཐད་ལ་སྤྱད་དགོས།

ལེའུ་དགུ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

   དོན་ཚན་ང་གཅིག་པ། ཆོས་ལུགས་ལས་དོན་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གི་ལས་བྱེད་མི་སྣ་དང་དེ་བཞིན་དོ་དམ་གྱི་འགན་འཁྲི་འཁུར་བའི་གཞུང་ཞབས་པས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་དོ་དམ་ལས་ཀ་སྒྲུབ་རིང་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་པར་ཁྲིམས་ལྟར་ཆད་པ་གཅད་རྒྱུ་དང་། ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

   དོན་ཚན་ང་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཡིས་བྱེད་ཐབས་འདིའི་གཏན་འབེབས་ལས་འགལ་ཚེ་ཐོ་འགོད་དོ་དམ་ལས་ཁུངས་དང་ནོར་སྲིད་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཉེར་བཅའ་ཁྲིམས》དང《ཆོས་ལུགས་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅད་རྒྱུ།

   དོན་ཚན་ང་གསུམ་པ། ཆོས་ལུགས་བྱེད་སྒོ་སྤེལ་སའི་འབྲེལ་ཡོད་མི་སྣས་བྱེད་ཐབས་འདིའི་གཏན་འཁེལ་དང་འགལ་ན། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་དགོས། ཉེས་ཚབས་ཆེ་བའི་རིགས་ལ་བྱེད་སྒོ་སྤེལ་ས་དེ་གའི་འགན་ཐད་ཀར་འཁུར་བའི་གཙོ་འགན་མི་སྣ་བརྗེ་དགོས་པའི་འགན་དཀྲི་རྒྱུ་དང་། ཆོས་ལུགས་དོན་བྱེད་མི་སྣ་ཡིན་རིགས་ལ《ཆོས་ལུགས་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅད་རྒྱུ་དང་། ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།

ལེའུ་བཅུ་པ། ཞར་བྱུང་དོན་ཚན།

  དོན་ཚན་ང་བཞི་པ། བྱེད་ཐབས་འདི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་དང་ནོར་སྲིད་པུའུ་ཡིས་འགན་ཁུར་ནས་འགྲེལ་བཤད་བྱ་དགོས།

  དོན་ཚན་ང་ལྔ་པ། བྱེད་ཐབས་འདི2022ལོའི་ཟླ་བ6ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 2010ལོའི་ཟླ་བ་དང་པོའི་ཚེས11ཉིན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཆོས་ལུགས་བྱེད་སྒོ་སྤེལ་སའི་ནོར་དོན་ལྟ་སྐུལ་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》དུས་མཉམ་དུ་རྩིས་མེད་དུ་གཏང་རྒྱུ་ཡིན།། 


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པ་ཁྲེང་ཏུའུ་རུ་འཚོག
  • ལེ་ཚན་རྗེས་མ།:བདེ་འཇགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞི་མཐུན་ས་མཚམས་མཉམ་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།