རྟ་མགྲིན་རྡོ་རྗེས་བསྒྱུར། 2022-05-30
དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་ཆེད། དཀར་མཛེས་རྫོང་གིས་ཏང་སྐྱོང་གིས་སྣེ་ཁྲིད་དེ། དབུལ་ཚང་ནས་སྤོས་པ་དང་དབུལ་ལས་བརྗེས་པ་མཉམ་འཛིན་བྱས་ཏེ།“སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པ། རིམ་བཞིན་ཕྱུག་པོར་ཡོང་བ”བཅས་ཀྱི་བསམ་ཕྱོགས་ལྟར“འགན་ལེན་གསུམ”ལ་བརྟེན་ནས་རྒྱུད་བཟང་ལུང་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ལེའུ་གསར་པ་བརྩམས་པ་རེད།
རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་བརྒྱབ་སྟེ་མང་ཚོགས་གནས་སྤོ་ཐུབ་པར་འགན་ལེན་བྱས། རྒྱུད་བཟང་ལུང་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་དུ་ཁྱོན་མང་ཚོགས་དུད་ཚང151དང་མི591ཡོད། ཡུལ་ཤོག་དང་གྲོང་སྡེ15དང་གྲོང་སྡེ58ལ་ཁེབས་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་མི་སྣའི་གྲུབ་ཚུལ་རྙོག་འཛིང་ཆེ་བ་དང་དོ་དམ་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་དཀར་མཛེས་རྫོང་གིས་ལས་ཀའི་བྱེད་ཐབས་གསར་གཏོད་བྱས་པ་སྟེ། བཀོད་སྒྲིག་བྱ་ཡུལ་གྱི་ལས་དོན་དཔུང་ཁག་ལེགས་འདེམས་དང་བཀོད་སྒྲིག་ཡག་པོ་བྱས་ཤིང་། ཧྲུའུ་ཅི་དང་པོ་མངགས་པ། གྲོང་སྡེའི་བཅའ་སྡོད་ལས་དོན་རུ་མིས་ཏང་འཛུགས་སྐྱོང་གི་ལས་དོན་ལ་མཛུབ་ཁྲིད་བྱས་པར་མ་ཟད། རྒྱུད་བཟང་ལུང་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་གྱི་ཏང་ཀྲི་པུའུ་བཙུགས་ཏེ་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་གསར་བརྗེའི་རིག་གནས་ཀྱི་ལེགས་ཆ་སྤྱད་དེ་ཏང་མིའི་བྱེད་སྒོའི་ལྟེ་གནས་བསྐྲུན་པ་རེད། ཀྲི་པུའུ་གཅིག་དང་གྲོང་མིའི་ཚོ་ཆུང་གཉིས། དཔུང་ཁག་གསུམ་བཅས་ཀྱི“123”གྱི་ལས་ཀའི་ལམ་སྲོལ་གསར་དུ་བཏོད་དེ་ཁྱིམ་མཚེས་བར་གྱི་འགལ་བ་འདུམ་འགྲིག་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར། ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་། ཡ་རབས་སྲོལ་གསར་དར་སྤེལ། དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་བས་གནས་སྤོས་མང་ཚོགས་ཀྱི་འཚོ་བའི་རྣམ་པ་སྔར་བས་ཇེ་ལེགས་ཏུ་ཕྱིན།
ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ཕྱུག་པོར་འགྱུར་བར་འགན་ལེན་བྱས། བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་ལས་ཞུགས་དེ་གནས་སྤོས་དུད་ཚང་ལ་འབབ་འཕར་བརྟན་པོ་ཡོང་བའི་རྨང་གཞིའི་རང་བཞིན་གྱི་འགན་ལེན་གལ་ཆེན་ཞིག་ཏུ་བརྩིས་ནས། ཐོན་ལས་དང་ལས་ཞུགས་དུས་གཅིག་ཏུ་མངོན་འགྱུར་ཡོང་བ་བྱས་ནས་ཞིང་དུད་ལ་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རོལ་ཐུབ་པའི་འགན་ལེན་བྱས། 2018ལོ་ནས་བཟུང་གཅིག་གྱུར་འཆར་འགོད་དང་ཡུལ་བབ་བསྟུན་པ་བརྒྱུད་ནས་གནས་སྤོས་མང་ཚོགས་མ་རྐང་ནང་ཞུགས་པའི་བྱེད་ཐབས་ཀྱིས་དཀར་མཛེས་རྫོང་གི་ས་ཁོངས་བརྒལ་བའི་ཐུན་མོང་དཔལ་འབྱོར་ཏེ་གེ་སར་དབུལ་སྐྱོར་གནད་སྨིན་གྲོང་སྡེ་བརྒྱའི་ཐོན་ལས་རྟེན་གཞིར་ཞུགས་པས་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར1000ལྷག་ཙམ་བྱུང་། དེ་དང་ཆབས་ཅིག་མ་དངུལ་ས་གནས་དེ་གའི་ཞིང་ཐོན་ཁེ་ལས་སུ་ཞུགས་པའི་བྱེད་ཐབས་བརྒྱུད་ནས་ལོ་རེར་དུད་ཚང་རེར་ཆ་སྙོམས་བགོ་འགྲེམས་སྒོར2000ཡན་ལ་ཟིན་པ་བྱས་ནས་གནས་སྤོས་དུད་ཚང་གི་ཐོན་ལས་འཕེལ་རྒྱས་དང་མ་འོངས་པའི་འབབ་འཕར་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད་པ་རེད། ངལ་ནུས་ཕྱིར་གཏོང་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་ཐབས་ལམ་མང་པོ་བརྒྱུད་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་སྟེ“དུད་ཚང་རེར་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པ”མངོན་འགྱུར་བྱུང་། ལས་ཞུགས་རྩལ་ནུས་གསོ་སྦྱོང་ཐེངས11སྤེལ་བ་དང་མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསླངས་ནས་གནས་སྤོས་མང་ཚོགས་འབྱོར་ཕྱུག་གི་གོམ་སྟབས་མགྱོགས་སུ་བཏང་།
སློབ་གསོའི་ཁྲིད་སྟོན་ལ་མཐོང་ཆེན་བྱས་ནས་མང་ཚོགས་ཀྱི་དྲིན་ཚོར་ཐུབ་པར་འགན་ལེན་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བརྒྱུད་དེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས། ཏང་མི་སྒྲིག་འཛུགས་བྱས་ནས་གསར་བརྗེ་སློབ་གསོའི་བྱེད་སྒོ་ཐེངས12སྤེལ། རྫོང་དང་ཡུལ་ཤོག་གི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་ཏང་མི་དང་ལས་བྱེད་པས་རང་སྦྱོང་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས། བདེ་འཇགས། ཁྲིམས་སྐྱོང་སོགས་ཀྱི་སློབ་ཚན་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱས། རྒྱ་ཆེ་བའི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོ་ངེས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཤིང་ཕན་པ་གང་ན་ཡོད་པ་དང་ཕན་པ་གང་ནས་ཡོང་བ་ཤེས་སུ་བཅུག་ནས་ཏང་ནང་གི་ཆབ་སྲིད་འཚོ་བའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་། ཏང་སྐྱོང་གིས་སྣེ་ཁྲིད་དེ་བཀོད་སྒྲིག་བྱ་ཡུལ་གྱི“གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་། གནས་སྤོས་མང་ཚོགས་ཕྱུག་པོར་ཆགས། བཀོད་སྒྲིག་གཞིས་ཁུལ་སྔར་ལས་མཛེས”ཅེས་པའི་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་ངོ་།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10