གཞི་ཚང་ཟླ་བ་གྲགས་པ། 2022-05-30
ཉི་འོད་གསལ་གསལ་ཞིག་མཁའ་ནས་འཕྲོ་དུས།།
ན་བུན་སྐྱ་སྐྱ་ཞིག་མཐའ་ནས་སངས་འགྲོ།།
ཟུར་མིག་གཡས་འགྱུར་གྱི་འགུལ་སྐྱོད་བར་ན།།
འོད་ཀྱི་གོང་བུ་ཞིག་ཀྱམ་མེར་འཚེར་འདུག།
སྐད་ཆ་ལྡབ་ལྡིབ་ཅིག་ཁ་ནས་གླེང་དུས།།
སེམས་ཚོར་ཐར་ཐོར་ཞིག་རླུང་ལ་སྤུར་འགྲོ།།
སྔར་གྱི་ལས་སྤྱོད་ལ་རྒྱུན་ལྟར་ཞུགས་དུས།།
གནས་ཚུལ་གསུམ་པ་ཞིག་སྦས་སྐུང་མི་ཐུབ།།
དཀྱུས་ཐག་ཐུང་ཐུང་ནི་འདོམ་བཞི་ཙམ་ཡང་།།
སེམས་སུ་རིང་རིང་ནི་ཤར་གླིང་ནུབ་གླིང་།།
དབང་པོའི་བསོད་ནམས་དེ་རྒུད་ཅིང་ཞན་དུས།།
སྙིང་གི་ཟ་འཕྲུག་ལ་གྲངས་ཀྱིས་མི་ཟིན།།
འཛོམས་པ་ཡག་ཡག་ཅིག་སྐབས་ཀྱིས་ཚེས་ཀྱང་།།
ཆོས་ཉིད་ནག་ནག་གིས་བར་ཆད་གཏོང་ཡོང་།།
སྐར་མ་དྲུག་བདུན་གྱི་སྐད་ཅིག་ཡུན་གྱིས།།
བདག་གི་མེ་ཏོག་མ་གང་དུ་བཞད་སོང་།།
མི་ཚོགས་འུར་འུར་ཞིག་ཟིང་གིས་འདུར་དུས།།
མིག་ཟུང་ཀེམ་ཀེམ་དེས་ཁྲོམ་ལ་མ་གཟབ།།
གཡས་འགྱུར་གཡོན་འགྱུར་གྱིས་ཕྱོགས་མཚམས་ཅེར་ཡང་།།
སེམས་ཀྱི་ལྷ་རིས་མ་མཇལ་རྒྱུ་མ་བྱུང་།།
མགོ་འཕང་མཐོ་མཐོ་ནི་གཟེངས་སུ་གཏད་དེ།།
མན་ངག་ཟབ་ཟབ་དེར་གསན་པར་བརྩོན་ཡང་།།
ཁྱོད་ཀྱི་ལུས་ངག་ལ་མཛེས་དགུ་གསལ་བས།།
ཕྱིར་མིག་ཁྲ་རིལ་གྱིས་མགུལ་ཡང་གཟེར་འདུག།
གཟའ་མཆོག་རྒོད་རྒོད་ཀྱིས་གློ་བུར་བརྒོལ་ཏེ།།
ཉི་ཟླ་གོར་གོར་དེ་བརླགས་པ་མ་ཡིན།།
ཅི་ཞིག་སྟོང་སོང་གི་ཚོར་འདུ་རྩུབ་མོས།།
ཤུགས་འབྱུང་ཤུགས་རིང་གི་ཆུ་རྒྱུན་མི་ཆད།།
ན་ཟུག་ལང་ལོང་ཞིག་ཁོག་ཏུ་བསྔལ་ཞིང་།།
གོམ་འགྲོས་རྟབ་རྟབ་ཀྱིས་རི་འདབས་འབྱོར་ཡོད།།
ལམ་མགྲོན་བརྒྱ་སྟོང་གི་ཕར་འགྲོ་ཚུར་འོང་།།
ཁོ་བོའི་སེམས་པ་ལ་འཇིགས་སྐྲག་བསླངས་བྱུང་།།
མི་མངོན་ལྐོག་ལྐོག་གི་ལྐོག་ལམ་དེད་ནས།།
གཡུ་ཤུག་རྫུབ་རྫུབ་ཀྱི་རྩ་བར་གཞའ་དུས།།
སྣུམ་སྨུག་སྐྲ་ལོ་ནི་རྒྱབ་ཏུ་དཔྱངས་ཏེ།།
མི་ཁོམ་བྲེལ་འཚུབ་ཀྱིས་ལམ་དཀྱིལ་བསླེབས་བྱུང་།།
གོམ་འགྲོས་འཚབ་འཚུབ་ཀྱིས་གཟུགས་པོ་འདུར་ཞིང་།།
མིག་ཟུང་རིག་རིག་གིས་རྒྱབ་རིར་ཅེར་བ།།
ས་རྡོ་གྲག་འགུལ་གྱིས་བརྡ་ཞིག་འདོད་ཀྱང་།།
ཕྱི་ཡི་རྣམ་འགྱུར་གྱིས་གོ་སྐབས་བཅོམ་འདུག།།
སྡིག་ལག་རིང་རིང་འདི་རང་ལ་དབང་ཡང་།།
གནད་འགག་རྡོག་རྡོག་སྐབས་དོན་བྱེད་མི་ནུས།།
འོད་སྣང་དམག་མེད་ཀྱི་ལས་ཀྱི་ཉི་མ།།
དབང་མེད་ལས་རླུང་གིས་ནུབ་ཕྱོགས་དེད་སོང་།།
སེམས་ངལ་སྡུག་སྡུག་གི་ཤུགས་རིང་རྒོད་པོས།།
དགོང་སྔོན་དྭངས་དྭངས་སུ་སྤྲིན་ནག་རུག་བྱུང་།།
འཇིག་རྟེན་ལྷ་ཚོགས་ཀྱང་ཞེ་གཏིང་སྨྲེང་ནས།།
སྟོད་ཀྱི་རྫ་རི་གན་ངུ་འགོ་བརྩམས་བྱུང་།།
རྩོམ་གསར། 10