ཉི་མ་རྡོ་རྗེ། 2022-06-01
དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།
དཔྱིད་ཀྱི་རྒྱལ་མོ་ཡུལ་འདིར་འབྱོར་དང་ལྷན།།
བཀྲ་ཤིས་དུས་བཟང་དྲུག་པའི་ཚེས་གཅིག་ཤར།།
སློབ་རའི་ནང་དུ་དགའ་བའི་བྲོ་གར་འཁྲབ།།
བྱིས་པའི་གདོང་ནས་འཛུམ་གྱི་མེ་ཏོག་གྲོལ།།
དབྱངས་ཀྱི་དྭངས་མ་ཀ་ཁའི་ལ་གཞས་ལེན།།
བཅུ་ཕྲག་རིག་པའི་འོ་མཚོར་ངོམ་མེད་ཞུགས།།
ཤུལ་བཞག་ནོར་བུའི་གསུང་ཆོས་བཅུད་བཟང་ལེན།།
བྱིས་པ་དུས་ནི་སློབ་ཁང་ནང་ནས་འདའ།།
ཁྲ་ཐར་ཐར་གྱི་དཔྱོད་ཤེས་རྣམ་རིག་ལྡན།།
ལང་ཚོའི་ཟེའུ་འབྲུར་གསོན་ཤུགས་གསར་པ་རྒྱས།།
རིག་པའི་ཚལ་ལ་གཤོག་རྩལ་འཕུར་ལྡིང་བགྱིས།།
བྱིས་པའི་དུས་འདི་སློབ་ལ་འབད་པའི་དུས།།
ཐོ་རེངས་སྐར་ཆེན་ཤར་དུས་ཡར་ལ་ལངས།།
དཔེ་ཀློག་སྙན་མོའི་དབྱངས་རྟ་སློབ་རར་ཁྱབ།།
ཕུགས་འདུན་སེམས་སུ་འཆང་བའི་བྱིས་པ་ཚོས།།
ནམ་ཞིག་སྙན་པའི་གྲགས་པ་རྒྱང་ལ་འཇོག།
འཆད་རྩོད་རྩོམ་གསུམ་ལས་ལ་རྒྱུན་དུ་བརྩོན།།
གཞན་ཕན་ལྷག་བསམ་བཟང་པོས་སློབ་གསོ་གནང་།།
བྱམས་བརྩེའི་ཁ་ཏ་ཕ་མ་ལས་ཀྱང་ལྷག།
བྱིས་པའི་དུས་འདི་དགེ་རྒན་བཟང་པོས་བསྐྱངས།།
སྐབས་འགར་མ་རབས་པྲ་ཚགས་བྱ་བ་བསྒྲུབས།།
དུས་ཐོག་ལས་བྱ་དུས་འགྱངས་ཤོར་ནས་ལྷག།
སློབ་ཁྲིད་དུས་སུ་ཁ་གཡེང་མིག་གཡེང་གིས།།
གཅར་རྡུང་ཉོ་བའི་དུས་ཀྱང་རེ་འགར་ཡོད།།
དང་ཐོག་ཀ་ཁ་འབྲི་དུས་ཞ་སྨྱུག་འཛིན།།
སློབ་འབྲིང་སྒོ་གླེགས་འགྲིམ་དུས་ལྕགས་སྨྱུག་འཛིན།།
ལང་ཚོའི་དཔྱིད་དཔལ་རྒྱས་པའི་བློ་གྲོས་དེ།།
སྙུ་གུའི་འགྱུར་བ་འདི་དང་ལྷན་དུ་འགྲོགས།།
སློབ་གྲོགས་ཕན་ཚུན་བར་ལ་མཐུན་སྒྲིལ་ཟབ།།
ཀུན་ལ་དགའ་བའི་འཛུམ་མདངས་སྟོན་ལ་མོས།།
སྤྱི་ཚོགས་ཕན་བདེ་བསྐྲུན་པའི་སྤྱོད་བཟང་དེར།།
ཚང་མས་མཐེ་མོ་བསྟན་ནས་བསྟོད་ར་གཏོང་།།
གསེར་ལས་དཀོན་པའི་ན་ཆུང་ལང་ཚོ་དེ།།
ཤེས་བྱའི་བདུད་རྩི་འཐུང་བའི་ལས་ལ་ཞུགས།།
མདུན་ལྗོངས་གསར་པ་བསྐྲུན་པའི་འདུན་པ་ལྟར།།
ཤེས་རིག་དགའ་ཚལ་གླིང་ལ་འཇུག་པར་གྱིས།།
ཁོད་ཡངས་བཀོད་གཙང་ཉམས་དགའི་དབུས་དཀྱིལ་ན།།
ཁང་བརྩེགས་མཐོན་པོ་སྐར་ཁུང་གསལ་ལམ་མེར།།
སློབ་ལ་བརྩོན་པའི་ཁོར་ཡུག་བཟང་པོའི་ནང་།།
ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།།
རྩོམ་གསར། 10