འབར་ཡོན་ཏན། 2022-06-01
སྔོན་བསགས་བསོད་ནམས་བཟང་
པོའི་མཐུན་རྐྱེན་གྱིས།།
སྲིད་པའི་ཁམས་ནས་དལ་འབྱོར་མི་ལུས་ཐོབ།།
མི་ཡི་ས་མཁན་བྱམས་ལྡན་མཆོག་གྱུར་མ།།
ང་ཡི་ཨ་མ་རྗེ་བཙུན་སྒྲོལ་མ་འདྲ།།
ང་རང་བྱིས་དུས་གཡེར་བག་ཤིན་ཏུ་ཚ།།
ཨ་མ་གར་འགྲོ་མིག་གི་འཚོས་པ་མང་།
ཨ་མ་གར་འགྲོ་ང་ཡང་དེ་རུ་འགྲོ།
ཨ་མ་མེད་ན་སྐད་ཅིག་སྡོད་པར་བྲལ།།
ཆུང་ངུའི་དུས་སུ་རྨི་ལམ་
འཇིགས་སྣང་རྨིས།།
མཚན་མོར་ཁེར་རྐྱང་ཉིན་མོར་སྐྱོ་བའི་དུས།།
ཡིད་དུ་འཁོར་བ་ཨ་མའི་ཞལ་གཟུགས་ཡིན།།
དྲན་ཞིང་གདུང་བས་ཨ་མ་ལན་གསུམ་བོས།།
དྭངས་སྟོད་ཁོག་ནི་ལྷ་ཡུལ་
ཁམས་དང་མཚུངས།།
གཡང་དཀར་ལུག་ཁྱུའི་ཁྲོད་ནས་
ལྷག་ཏུ་མཛེས།།
ཨ་མས་ང་ལ་ཁྲོ་རིལ་སྣ་ཚོགས་ཀྱི།།
རྒྱན་ཆ་བཏགས་ཏེ་སྙིང་གི་བུ་ཞེས་འབོད།།
ཨ་མ་སྒྲོལ་མས་ཉིན་རྒྱུན་ཐུལ་དཀར་འབྲི།།
དལ་བར་བསྐོར་ཏེ་ཕ་གིའི་རི་ལ་བཀྲམ།།
ཆར་ཆུའི་ཁྲོད་ནས་འཛུམ་བཞིན་ཁྱིམ་དུ་ལོག།།
རེའུ་ལྕག་བཏུས་ཏེ་ང་ལ་ཞྭ་མོ་བསླེས།།
དབྱར་གྱི་ནམ་ཟླ་རྟག་པ་བརྟན་པ་མེད།།
ལན་རེ་གནམ་ས་བླ་འོག་བརྗེ་པ་ལྟར།།
ཆར་ཆེན་བབས་ཤིང་འབྲུག་གྲག་
གློག་ཞགས་འཕེན།།
དེའི་ཚེ་ང་རང་ཨ་མའི་སྙིང་ལ་གླན།།
ད་ལྟ་ལོ་ན་བགྲེས་པའི་ཨ་མ་ལགས།།
རྒྱང་རིང་ཡུལ་ནས་སྔར་བཞིན་ང་ལ་སྒུག།
མདོར་ན་བདག་ལ་བརྩེ་བའི་བྱམས་
ལྡན་མ།།
ཁྱེད་ཉིད་བཞུགས་པས་བུ་ལ་
དྲོད་ཁོལ་འཛོམས།
བྱིས་པའི་ལོ་ཟླ་དྭངས་ཤིང་
གཙང་ན་ཡང་།།
སྡོད་པ་མེད་པར་སྐད་ཅིག་
ཉིད་དུ་ཤོར།།
དལ་འབྱོར་མི་ལུས་རིན་ཐང་
ལྡན་གྱུར་ཀྱང་།།
འཆི་བར་འགྱུར་ཚེ་བེམ་པོ་འབའ་
ཞིག་ཉིད།།
རྩོམ་གསར། 10