ཞི་ཅིན་ཕིང་གི་ཀྲུང་ཧྭའི་ཤེས་དཔལ་ཁུངས་འཚོལ་སྐོར་གྱི་གསུང་བཤད།

ནོར་བུས་བསྒྱུར།        2022-05-31

   སྤྱི་ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ཟབ་ཏུ་སྤེལ་བའི་སྐོར་དམིགས་ནས་ཐུན་མོང་སློབ་སྦྱོང་ཐེངས་སོ་དགུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཀྲུང་ཧྭའི་ཤེས་དཔལ་ནི་ལོ་རྒྱུས་ཡུན་རིང་བ་དང་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་ཅིང། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོ་ན་ལ་དབང་བའི་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་དང་། དེང་རབས་ཀྲུང་གོའི་རིག་གནས་ཀྱི་གཞི་རྟེན་ཡིན་ཞིང་། འཛམ་གླིང་ཧྲིལ་པོའི་ཀྲུང་གོ་བའི་བསམ་པ་གཅིག་ཏུ་སྦྲེལ་བའི་འབྲེལ་ཟམ་ལྟ་བུ་ཡིན་ལ། ཀྲུང་གོའི་རིག་གནས་གསར་གཏོད་ཀྱི་མཆོག་ནོར་ཡང་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། ཀྲུང་ཧྭ་མི་རིགས་ཀྱིས་རང་སྟོབས་རང་སྤེལ་གྱི་ཆོད་སེམས་དང་བློ་སྟོབས་ལ་བརྟེན་ནས་དཀའ་ངལ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་འཛམ་གླིང་གི་ཤེས་དཔལ་མ་ལག་གཞན་དང་མི་འདྲ་བའི་འཕེལ་རིམ་བརྒྱུད་ཡོད། ཀྲུང་ཧྭ་ཤེས་དཔལ་གྱི་ལོ་ངོ་ལྔ་སྟོང་ལྷག་གི་འཕེལ་རྒྱས་ལོ་རྒྱུས་ལ་རྒྱུས་མངའ་གཏིང་ཟབ་ལོན་པ་དང་། ཀྲུང་གོའི་ཤེས་དཔལ་གྱི་ལོ་རྒྱུས་ཞིབ་འཇུག་གདིང་ཟབ་པའི་ཕྱོགས་སུ་སྤེལ་ཞིང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་ཞིང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་པ་བསྐུལ་དགོས་ཞེས་ནན་གསུང་གནང་ཡོད།

      ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ལོ་རྒྱུས་རིག་པ་ཁང་གི་ཀྲུའུ་རེན། ཞིབ་འཇུག་པ་ཝང་ཝེ་ཡིས་གནད་དོན་དེའི་ཐད་གསལ་འགྲེལ་གནང་བ་དང་འབྲེལ་ལས་ཀའི་ཐད་གྲོས་འགོ་བཏོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ནན་ཏན་ངང་གསལ་འགྲེལ་ལ་ཉན་འཇོག་གནང་བར་མ་ཟད་གྲོས་བསྡུར་ཡང་གནང་བ་རེད།

     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་རང་རེའི་ཏང་གིས་སྔར་ནས་བཟུང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ལམ་བཅས་སྤྱད་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་ཞིབ་ལྟ་བྱེད་ཀྱི་ཡོད་ལ། ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། རིག་གནས་པ་མི་རབས་ཁ་ཤས་ཀྱིས་འབད་བརྩོན་གནང་བར་བརྒྱུད། ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་སོགས་གཙོ་གནད་འདུ་འགོད་ཀྱི་ཞིབ་འཇུག་གྲུབ་འབྲས་ལས། རང་རྒྱལ་གྱི་ལོ་ངོ་ས་ཡ་ལྷག་གི་འགྲོ་བ་མིའི་ལོ་རྒྱུས་དང་། ལོ་ངོ་ཆིག་ཁྲིའི་རིག་གནས་ལོ་རྒྱུས། ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་བཅས་དོན་དངོས་ཁུངས་སྐྱེལ་ཐུབ་ཡོད།  ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ནའང་། འགན་འཁྲི་ལྕི་ཞིང་འགྲོ་ལམ་རིང་བས། ངེས་པར་དུ་མུ་མཐུད་ནས་སྐུལ་འདེད་དང་ཟབ་སྤེལ་བྱ་དགོས་ཞེས་ནན་གསུང་གནང་ཡོད།

      ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་བརྒྱུད་དེ། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་། ཆགས་ཚུལ། གོང་འཕེལ་བཅས་ཀྱི་ལོ་རྒྱུས་གོ་རིམ་དང་། ཀྲུང་ཧྭའི་ཤེས་དཔལ་གྱི་ཕྱོགས་མང་གཞི་གཅིག་གི་རྣམ་པ་ཆགས་ཚུལ་དང་གོང་འཕེལ་བརྒྱུད་རིམ། ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱད་ཆོས་དང་དེའི་གྲུབ་རྐྱེན་སོགས་ལ་ངོས་འཛིན་ཅུང་གསལ་པོ་བྱུང་ཡོད། དེ་དང་ཆབས་ཅིག། འདུ་འགོད་ལས་ཐོབ་པའི་གྲུབ་འབྲས་ནི་རགས་ཙམ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཡིན་ཞིང་། ད་དུང་ལོ་རྒྱུས་ཀྱི་གསང་དོན་མང་པོ་ཞིག་བརྟོལ་དགོས་པ་དང་། གནད་དོན་གལ་ཆེན་མང་པོ་ཞིག་དོན་དངོས་ཁུངས་སྐྱེལ་དང་ཞིབ་འཇུག་བྱས་ཏེ་ཐུན་མོང་ངོས་འཛིན་ཆགས་པ་བྱ་དགོས།

     ཞི་ཅིན་ཕིང་གིས་ང་ཚོས་སྐྱེ་དངོས་རིག་པ་དང་། ཕྲ་རྡུལ་སྐྱེ་དངོས་རིག་པ། རྫས་འགྱུར་རིག་པ། ས་རྒྱུ་རིག་པ། དངོས་ཁམས་རིག་པ་སོགས་སྦྱོང་ཚན་མདུན་གྲས་སུ་གྱུར་བའི་ལག་རྩལ་གསར་ཤོས་སྤྱད་ནས་རང་རྒྱལ་གྱི་གནའ་རབས་ཤུལ་བཞག་ལ་དབྱེ་ཞིབ་བྱས་ཏེ། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་ལ་སྲ་ཞིང་བརྟན་པའི་ཚན་རིག་དབྱེ་ཞིབ་ཀྱི་གཞི་འཛིན་ས་ཡོད་དུ་བཅུག་པ་དང་། ང་ཚོས་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་ལོ་རྒྱུས་ཀྱི་ཤེས་རྟོགས་བྱེད་རྒྱ་ཆེ་རུ་བཏང་ཡོད། ཤེས་དཔལ་གྱི་འབྱུང་ཁུངས་དང་གྲུབ་ཚུལ་ལ་ཞིབ་དཔྱད་བྱེད་པ་ནི་རྙོག་འཛིང་ཆེ་ལ་དུས་ཡུན་རིང་བའི་མ་ལག་འདུ་འགོད་ཅིག་ཡིན་པས། གནའ་རྫས་རྟོག་ཞིབ་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་དེ་རང་བྱུང་ཚན་རིག་ལག་རྩལ་གྱི་བྱེད་ཐབས་དང་ཟུང་སྦྲེལ་ཡག་པོ་བྱ་དགོས་པ་དང་། དངོས་པོ་དང་། བསམ་པ། དེ་བཞིན་སྤྱི་ཚོགས་འབྲེལ་བའི་གྲུབ་སྟངས་སོགས་ཀྱི་རྒྱུ་རྐྱེན་ཕྱོགས་བསྡུས་ཀྱིས་ཁོང་དུ་ཆུད་པ་བྱས་ཏེ། རིམ་བཞིན་ཤེས་དཔལ་དེ་ཉིད་ཆུ་ཕྲན་ནས་ཆུ་བོ་ཆེན་པོར་འགྱུར་བའི་འཕེལ་རིམ་སོར་ཆུད་ཐུབ་པ་བྱ་དགོས། གཅིག་འགྱུར་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱ་རྒྱུར་ཤུགས་རྒྱག་པ་དང་། སྦྱོང་ཚན་ མང་བ་དང་། ལྟ་ཕྱོགས་མང་བ། བང་རིམ་མང་བ། ཕྱོགས་ཡོངས་བཅས་རྒྱུན་འཁྱོངས་པ་དང་། གནའ་རྫས་རྟོག་ཞིབ་རིག་པ་དང་། ལོ་རྒྱུས་རིག་པ། མི་ཆོས་ཚན་རིག་དང་རང་བྱུང་ཚན་རིག་བཅས་ཀྱིས་མཉམ་ལས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཡུལ་དུས་ཀྱི་བར་ཁོངས་དང་ཁེབས་རྒྱ་ཆེ་རུ་བཏང་ནས། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་། ཆགས་ཚུལ། གོང་འཕེལ་བཅས་ཀྱི་གཞི་རྩའི་གནས་ཚུལ་དང་ནང་སྲོལ། དེ་བཞིན་ས་ཁོངས་ཁག་གི་ཤེས་དཔལ་འཕེལ་རིམ་གྱི་བརྒྱུད་ལམ་སོགས་གནད་དོན་གལ་ཆེན་ལ་ལན་སྔར་ལས་ལྷག་པར་ཡག་པོ་བརྒྱག་དགོས་ཞེས་བསྟན་ཡོད།

     ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ལས་ཤེས་དཔལ་གྱི་མཚན་ཉིད་དང་ཤེས་དཔལ་སྤྱི་ཚོགས་སུ་ཞུགས་པར་ངོས་འཛིན་བྱེད་པའི་ཀྲུང་གོའི་ཇུས་གཞི་བཏོན་ཡོད་པ་དང་། འཛམ་གླིང་ཤེས་དཔལ་འབྱུང་ཁུངས་ཞིབ་འཇུག་ཐད་གསར་གཏོད་རང་བཞིན་གྱི་བྱས་རྗེས་བཞག་ཡོད། དུས་མཉམ་དུ་རང་རྒྱལ་གྱི་གནའ་རབས་ཤེས་དཔལ་གཞུང་ལུགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ཀྱི་ཞིབ་འཇུག་གྲུབ་འབྲས་དྲིལ་བསྒྲགས་དང་འགྲེམས་སྤེལ། གཞན་སྒྱུར་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། སྔོག་འདོན་ཐུབ་པའི་རིག་དངོས་དང་གནའ་ཤུལ་ཐད་ཞིབ་འཇུག་གསལ་འགྲེལ་དང་འགྲེམས་བསྒྲགས་བརྒྱུད་སྤེལ་བྱ་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭའི་ཤེས་དཔལ་གྱི་ཤུགས་རྐྱེན་ནུས་པ་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་ཡོད།

     ཞི་ཅིན་ཕིང་གིས་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་དཔལ་གོང་འཕེལ་གྱི་ལོ་རྒྱུས་ཁྲོད་ཀྲུང་གོ་མི་དམངས་ཀྱིས་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་གསར་བཏོད་བྱས་ཏེ། འགྲོ་བ་མིའི་ཤེས་དཔལ་ཡར་རྒྱས་ཀྱི་བྱ་གཞག་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་ཞིབ་འཇུག་དེ་ཀྲུང་ཧྭའི་ཤེས་དཔལ་གྱི་ཁྱད་ཆོས་དང་གྲུབ་ཚུལ་སོགས་གནད་དོན་གལ་ཆེན་ཞིབ་འཇུག་དང་འབྲེལ་བ་དམ་ཟབ་བྱས་ནས། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་ལས་བསྟན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་གོང་འཕེལ་ལམ་བུ་དང་ཀྲུང་ཧྭ་མི་རིགས་སྣ་མང་གཅིག་སྡུད་ཀྱི་འཕེལ་འགྱུར་གནས་བབ་ལ་ཞིབ་འཇུག་དང་གསལ་འགྲེལ་གཏིང་ཟབ་བྱ་དགོས། ཀྲུང་ཧྭའི་ཤེས་དཔལ་གྱི་བྱམས་བརྩེར་མཐོང་ཆེན་དང་། དམངས་འཚོར་སྣང་ཆེན། ཁ་ཐོག་ཚིག་གནས། དྲང་བདེན་གོང་བཀུར། ཞི་མཐུན་ལ་དད་པ། མཉམ་གནས་ཐུབ་རེ་བྱེད་པ་བཅས་ཀྱི་བསམ་པའི་འཁྱེར་སོ་དང་གོང་འཕེལ་གྱི་རྣམ་པར་ཞིབ་འཇུག་གསལ་འགྲེལ་བྱེད་པ་དང་། ཀྲུང་གོའི་འགྲོ་ལམ་གྱི་གཏིང་ཟབ་པའི་རིག་གནས་ལོ་རྒྱུས་ཀྱི་ནང་དོན་གསལ་འགྲེལ་བྱ་དགོས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཐད་གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་ལེན་མཐའ་འཁྱོངས་བྱས་ཏེ་དེའི་ཁྲོད་ཀྱི་ གྲུབ་ཆ་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་གཏང་དགོས། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་འགྱིང་ཉམས་བཅས་ལྡན་པའི་ཤེས་དཔལ་ཞིབ་འཇུག་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག། སྐད་བརྡའི་མ་ལག་བཅས་བཙུགས་ནས་འགྲོ་བ་མིའི་ཤེས་དཔལ་གྱི་གྲུབ་ཚུལ་གསར་པའི་ལག་ལེན་ལ་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་ནུས་ལྡན་བྱ་དགོས་ཞེས་ནན་གསུང་གནང་།

      ཞི་ཅིན་ཕིང་གིས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ ཕུལ་བྱུང་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ཤེས་རབ་ཀྱི་བཅུད་དང་ཟུངས་གནས་ས་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན་ལ། ང་ཚོ་འཛམ་གླིང་གི་རིག་གནས་འགྲན་རྩོད་ཁྲོད་རྐང་པ་བརྟན་པོ་འཛུགས་ཐུབ་པའི་རྨང་གཞི་ཡང་རེད། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་དུ་འབྲེལ་བ་དང་། ཀྲུང་ཧྭའི་ སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བསྒྱུར་བ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། ང་ཚོས་དྲང་བདེན་གསར་གཏོད་མཐའ་འཁྱོངས་ཀྱིས་ཀྲུང་ཧྭའི་ སྲོལ་རྒྱུན་རིག་གནས་ཕུལ་བྱུང་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་མངོན་པར་བྱས་ནས། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་དེ་བས་ལེགས་པའི་སྒོ་ནས་བསྐྲུན་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་སློབ་སྟོན་བསམ་བློ་མཐའ་འཁྱོངས་དང་། གསར་བརྗེའི་རིག་གནས་བརྒྱུད་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་སྤེལ་བཅས་བྱས་ཏེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ ཕུལ་བྱུང་གི་འབྱུང་ཁུངས་འཚོལ་དགོས། ཀྲུང་ཧྭའི་ཤེས་དཔལ་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་གང་ལེགས་སྤྱད་དེ་ཀྲུང་གོའི་གནའ་རབས་ཀྱི་ལོ་རྒྱུས་སྔར་བས་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོས་རྒྱས་བཤད་བྱས་ནས་ལོ་རྒྱུས་ལ་བརྟེན་ཏེ་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་དེ་བས་ལེགས་པའི་སྒོས་འདོན་སྤེལ་བྱ་དགོས་ཞེས་ནན་གསུང་གནང་། 

     ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་དེ་གནའ་སྔ་མོ་ནས་བཟུང་སྒོ་འབྱེད་ཁོང་ཡངས་ཀྱི་ཐོག་ནས་སྐད་གྲགས་ཆོད་དེ་ཤེས་དཔལ་གཞན་དག་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་ཡོད། འདྲ་མཉམ་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། གླེང་མོལ། ཁོང་ཡངས་བཅས་ཀྱི་ཡ་རབས་ལྟ་བ་དར་སྤེལ་གཏོང་བ་མཐའ་འཁྱོངས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་ལ་བརྟེན་ནས་ཤེས་དཔལ་མི་འདྲ་བས་རིན་ཐང་གི་ནང་དོན་ལ་ངོས་འཛིན་བྱེད་པར་གོ་བ་ལེན་པ་དང་། རྒྱལ་ཁབ་མི་འདྲ་བའི་མི་དམངས་ཀྱིས་རང་ངོས་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་བྱེད་པར་བརྩི་འཇོག་བྱེད་ཅིང་། ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་འགལ་ཟླ་སེལ་བ་དང་། ཤེས་དཔལ་དཔྱད་གཞིར་བཟུང་བ་བརྟེན་ནས་ཤེས་དཔལ་གྱི་གདོང་ཐུག་ལས་གཡོལ་བ། ཤེས་དཔལ་མཉམ་གནས་ལ་བརྟེན་ནས་ཤེས་དཔལ་གྱི་བཟང་ཆ་ལས་སྒྲོལ་བ་དང་། ཀྲུང་ཧྭའི་ཤེས་དཔལ་ལ་ལྡན་པའི་འགྲོ་བ་མི་ཚང་མའི་ཐུན་མོང་རིན་ཐང་དར་སྤེལ་བཏང་ནས། འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་མ་ལག་ཆགས་པར་སྐུལ་འདེད་གཏང་དགོས། ཀྲུང་གོའི་ས་གཞི་ཆེན་པོར་གཞི་བཙུགས་ཏེ་ཀྲུང་ཧྭའི་ཤེས་དཔལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། བློས་འགེལ་ཆོག་པ་དང་། གཅེས་སུ་འོས་པ། གུས་པར་འོས་པའི་ཀྲུང་གོའི་གཟུགས་བརྙན་ འཛམ་གླིང་ལ་མངོན་པར་བྱ་དགོས། ཀྲུང་གོ་ནི་ཤེས་དཔལ་ཅི་འདྲ་ཞིག་ཡིན་པ་དང་རྒྱལ་ཁབ་ཅི་འདྲ་ཞིག་ཡིན་པ་གསལ་པོར་བརྗོད་དགོས་པ་དང་། ཀྲུང་གོ་བའི་འཇིག་རྟེན་ལྟ་བ་དང་། གནམ་འོག་གི་ལྟ་བ། སྤྱི་ཚོགས་ཀྱི་ལྟ་བ། ཀུན་སྤྱོད་ཀྱི་ལྟ་བ་བཅས་གསལ་པོར་བརྗོད་དགོས་ལ། ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་རིང་བ་དང་མི་ཆོས་རིག་གནས་ཀྱི་རྨང་གཞི་ཟབ་མོ་གསལ་པོར་བསྟན་ནས་འཛམ་གླིང་གིས་ཀྲུང་གོ་དང་། ཀྲུང་གོའི་མི་དམངས། ཀྲུང་གོ་གུང་ཁྲན་ཏང། ཀྲུང་ཧྭ་མི་རིགས་བཅས་ལ་ཆ་རྒྱུས་ལོན་པར་སྐུལ་འདེད་གཏང་དགོས་ཞེས་བསྟན་ཡོད་པ་རེད།

     ཞི་ཅིན་ཕིང་གིས་རིག་དངོས་དང་རིག་གནས་ཤུལ་བཞག་ཏུ་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་པ་དང་། དེ་ནི་བསྐྱར་སྐྱེ་དང་ཚབ་བྱེད་ཐབས་བྲལ་བའི་ཀྲུང་ཧྭའི་ཤེས་དཔལ་ཕུལ་བྱུང་གི་ཐོན་ཁུངས་ཤིག་རེད། རིག་དངོས་དང་རིག་གནས་ཤུལ་བཞག་དེ་བས་མང་བར་གསོན་ཉམས་དོད་དུ་བཅུག་ནས་ཀྲུང་ཧྭའི་ཤེས་དཔལ་བརྒྱུད་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་གི་རིན་ཐང་སྣ་ཚོགས་སྔོག་འདོན་བྱས་ཏེ།  ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་རིན་ཐང་མཚོན་རྟགས་དང་རིག་གནས་ཐོན་རྫས་དེ་བས་མང་བ་བརྒྱུད་སྤེལ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

      ཞི་ཅིན་ཕིང་གིས་རིམ་ཁག་མགོ་ཁྲིད་ལས་བྱེད་པ་ཚང་མས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་ལས་དོན་ལ་མཐོང་ཆེན་བྱས་ཏེ། ལོ་རྒྱུས་དང་གནའ་རྫས་རྟོག་ཞིབ་ལས་དོན་པས་ཞིབ་འཇུག་དང་། སློབ་སྦྱོང་དང་ཟབ་སྦྱོང་། ཞིབ་འཇུག་ཟབ་སྦྱོང་དང་སྤེལ་རེས་བཅས་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་མཁོ་འདོན་བྱ་དགོས། ཀྲུང་ཧྭའི་ཤེས་དཔལ་བརྒྱུད་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཏེ། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོས་ཀྲུང་ཧྭའི་ཤེས་དཔལ་ལ་ངོས་འཛིན་དང་མོས་མཐུན་དེ་བས་ལེགས་པ་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཐོག་ཀྲུང་གོ་བའི་བློ་སྤོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་གཏང་དགོས་ཞེས་བསྟན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ད་ལྟ་དཔྱི་ཚིགས་དང་པུས་ཚིགས་བརྗེས་ན་སྒོར་མོ་སྟོང་འགའ་ལས་མི་དགོས།
  • ལེ་ཚན་རྗེས་མ།:རང་ཁུལ་ཏང་གི་འཐུས་མི་ཚོས་གྲོས་ཞིབ་འདི་འདྲ་བྱས་འདུག།
  • དོ་སྣང་ཆེ་བའི་རྩོམ།