རེ་སྒུག་ཁྲོད་ཀྱི་བྱམས་པ།

རི་སྤྱང་།        2022-06-10

སེམས་ཀྱི་མེ་ལོང་ནང་ནས་ཡུན་རིང་སྒུག །

སྒུག་པའི་མཐའ་མར་མི་ཚེ་སྐེད་ལ་སླེབས། །

དམ་ཚིག་གསེར་གྱི་སྐུད་པ་ཆད་སོང་བས། །

ད་ནི་བརྩེ་བའི་མདུད་པ་བཤིག་ལ་ཉེ།

མི་སེམས་མི་ཡིས་མ་རྟོགས་མི་ཚེ་ཕྱེད། །

ལོ་ཟླ་ཨ་ལོང་བརྩེགས་ནས་རེ་སྒུག་བྱས། །

ཁྱོད་ནི་ཨ་སྔོན་དབྱིངས་ཀྱི་ཟླ་བ་བཞིན། །

སྤྲིན་གྱི་བང་རིམ་བརྒལ་ནས་རི་ལ་ཡིབས། །

ཚེ་གཅིག་སེམས་ཀྱི་སྐྱ་ཡ་བྱེད་འདོད་ཀྱང་། །

ལས་ཀྱིས་བཀོད་སྒྲིག་བཙན་པོས་

བཀའ་མ་གནང་། །

སེམས་སུ་བཏགས་ནས་མི་ཚེ་ཁེར་རྐྱང་ངང་། །

སྐྱོ་བའི་མིག་ཆུ་ཁོག་ལ་མིད་བཞིན་འགྲོ །

ཕྱི་ནང་སྣོད་བཅུད་འཇིག་རྟེན་རྒྱ་ཆེ་བས། །

ང་ཚོ་གནས་འདིར་འོང་བའི་མགྲོན་པོ་སྟེ། །

སོ་སོའི་སེམས་སུ་སོ་སོ་འཆར་བ་དེ། །

སྔོན་ལས་བཙན་པོ་ཡིན་པས་ངོ་མཚར་ཆེ། །

རེས་དགའ་རེས་སྐྱིད་འཁོར་བའི་རི་གྲོང་ནས། །

ངས་ནི་སྲོག་གི་དབང་པོ་མ་འགགས་པར། །

དབྱངས་དང་ཚིག་ལ་འཐབ་ནས་ཁྱོད་རང་འབྲི། །

ཁྱོད་རང་བདག་གི་སྙན་པའི་ངག་དེ་བྱ། །


  • ལེ་ཚན་སྔོན་མ།:ལྷ་ཡི་འཕགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།