2022-08-09
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མ་དངུལ་བཏང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལོ་སྟོད་དུ་རྒྱལ་ཡོངས་ཀྱིས་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར4449བཏང་བ་དེ་དུས་མཉམ་ལས59.5%འཕར་བ་དང་། ཞིང་ཆེན11གིས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར200ལྷག་ལས་བརྒལ་ཡོད།
མ་དངུལ་གཏོང་ཕྱོགས་ཐད་ལ་བལྟས་ཚེ། ཆུ་བོའི་རྒྱུག་ཁུལ་གྱི་ཆུ་ལོག་སྔོན་འགོག་ལས་གྲྭའི་མ་ལག་དང་། རྒྱལ་ཁབ་ཀྱི་ཆུ་དྲའི་ལས་གྲྭ་གལ་ཆེན། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སླར་གསོ་སྲུང་སྐྱོང་བཅས་ཀྱི་ཐད་མ་དངུལ་སྒོར་དུང་ཕྱུར4046བཏང་ཡོད། དེའི་ནང་འབྲུབ་འགོག་བདེ་འཇགས་འགན་ལེན་ལ་དམིགས་ཏེ་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་ལས་གྲྭའི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། མ་དངུལ་སྒོར་དུང་ཕྱུར1313བཏང་ཡོད། ཆུ་མཁོ་འདོན་བདེ་འཇགས་དང་འབྲུ་རིགས་བདེ་འཇགས་འགན་ལེན་ལ་དམིགས་ཏེ། རྒྱལ་ཁབ་ཆུ་དྲའི་ལས་གྲྭ་གལ་ཆེན་ལག་བསྟར་བྱས་ཤིང་། དེར་མ་དངུལ་སྒོར་དུང་ཕྱུར1898བཏང་། སྐྱེ་ཁམས་བདེ་འཇགས་འགན་ལེན་ལ་དམིགས་ནས་གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་པར། མ་དངུལ་སྒོར་དུང་ཕྱུར835བཏང་ཡོད།
མ་འཇོག་དང་མ་དངུལ་མཉམ་འདུའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཡོད། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དང་དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་ཀྱི་མ་རྩ་བསྡུ་ལེན་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཀྱིས་ཆུ་བེད་རྣམ་གྲངས་ཀྱི་མ་དངུལ་གྲབས་གསོག་ཐབས་ལམ་རྒྱ་ཆེར་བཏང་ཡོད། ཟླ་དང་པོ་ནས་དྲུག་པའི་བར། ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་དོན་འཁྱོལ་བྱེད་པའི་ཁྲོད། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར1600ཟིན་ནས་དུས་མཉམ་ལས293%འཕར་བ་དང་། དངུལ་ཁང་གི་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་རྩ་སོགས་སྒོར་དུང་ཕྱུར1392ཟིན་པ་དེ་དུས་མཉམ་ལས29.4%འཕར་ཡོད།
ལས་ཞུགས་མི་འབོར་བསྡུ་ལེན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཆུ་བེད་རྣམ་གྲངས་ཐོན་ལས་ཀྱི་སྦྲེལ་ཐག་རིང་བ་དང་ལས་ཞུགས་ཀྱི་གོ་སྐབས་མང་པོ་གཏོད་པའི་ནུས་པ་འབུར་ཐོན་དུ་གྱུར། བསྡོམས་རྩིས་ལྟར་ན། ལོ་སྟོད་དུ་རིམ་རྩིས་བྱས་ན་ལས་ཞུགས་མི་གྲངས་ཁྲི130བསྡུ་ལེན་བྱས་པ་རེད།
ད་ལོའི་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར8000ལྷག་གཏོང་བའི་དམིགས་ཚད་ལ་དམིགས་ནས། ཆུ་བེད་པུའུ་ཡིས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལས་ཀའི་བྱེད་ཐབས་ཁག19བཏོན་པ་དང་། གསལ་ཐོ་རྣམ་པའི་དོ་དམ་ལག་བསྟར་བྱས་ཏེ། ལས་གྲྭའི་འཕེལ་རིམ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10