དར་མདོ་རྫོང་ཕོག་ཐག་ཡུལ་ཤོག་གི་ཚེར་སེའུ་ཐོན་ལེགས་བྱུང་།

ཀུན་དགས་བསྒྱུར།        2022-10-12

དར་མདོ་རྫོང་ཕོག་ཐག་ཡུལ་ཤོག་གི་ཚེར་སེའུ་ཐོན་ལེགས་བྱུང་།
ཡུལ་མིས་ཚེར་སེའུ་རྟེན་གཞི་རུ་ཚེར་སེའུ་འཐུ་བཞིན་པའི་ཚུལ།

ད་ཆ། ཚེར་སེའུ་སྨིན་ནས་འཐོག་པའི་དུས་ཚིགས་ལ་སླེབས་ཡོད་ཅིང་། ཉིན་ཤས་བསྟུད་མར་དར་མདོ་གྲོང་ཁྱེར་གསར་དར་སྟོད་པ་གྲོང་སྡེའི་ཚེར་སེའུ་རྟེན་གཞིའི་འགན་འཁུར་བ་ཝང་ཀྲེང་ཕུའུ་ལ་ཐོན་ལེགས་བྱུང་བས།ཚེར་སེའུ་འཐོག་མཁན་གྱི་ཡུལ་སྐོར་བར་ཞབས་ཕྱི་བསྒྲུབ་རྒྱུར་བྲེལ་བཞིན་ཡོད་ལ།གྲོང་མི་ཚོར་ཇི་ལྟར་བྱས་ཏེ་ཚེར་སེའུ་བཏོགས་ནས་སྒམ་ཐུམ་རྒྱག་ལུགས་བཀོད་གཏོང་བྱས་པ་ལའང་བྲེལ་བར་མ་ཟད། ད་དུང་དུས་མཇུག་གི་ཉོ་སྒྲུབ་མཐུན་སྦྱོར་སོགས་མངགས་བཅོལ་ཡང་བྱེད་དགོས་ཀྱི་ཡོད།

ཚེར་སེའུ་འདེབས་འཛུགས་ཀྱི་ཐོག་མའི་བསམ་འདུན་སྐོར་གླེང་སྐབས་ཝང་ཀྲེང་ཕུའུ་ཡིས་སྟབས་ལེགས་པ་ཞིག་ལ་སྐབས་དེ་དུས་གྲོང་སྡེས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཏེ་གྲོང་མིར་ཁྱད་ཆོས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏང་རྒྱུར་སྐུལ་ལྕག་བྱས་ནས་ཡོང་འབབ་མང་དུ་གཏོང་གི་ཡོད།ང་ཡང་གྲོང་སྡེ་ལ་ལོག་ནས་ཚེར་སེའུ་འདེབས་འདོད་ཡོད།དེར་བརྟེན་གྲོང་སྡེ་དང་མ་གྲོས་གཅིག་མཐུན་བྱུང་སོང་ཞེས་བཤད།

ང་དེ་སྔར་ཨར་འདམ་བཟོ་པ་བྱས་མྱོང་།དེའི་རྗེས་ཕྱུག་འགྱུར་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་ནང་མི་ཚོར་ལྟ་རྟོག་བྱ་ཆེད།ང་ལས་གནས་ནས་བྲལ་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་ཐག་བཅད་པ་ཡིན། ཚེར་སེའུ་ནི་སྨན་དུ་རུང་བ་དང་དེར་འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ཡོད་པས་མི་རྣམས་ཀྱིས་དགའ་པོ་བྱེད་པའི་གནས་ཚུལ་ཤེས་རྗེས་ཚེར་སེའུ་འདེབས་རྒྱུའི་བསམ་བློ་འཁོར་བྱུང་ཞེས་བཤད།

ཝང་ཀྲེང་ཕུའུ་ཡིས་གསར་འགོད་པར་ཚེར་སེའུ་ལ་འཚོ་བཅུད་ཕུན་སུམ་ཚོགས་པའི་དབང་གིས་བཟའ་བཅའི་ཚི་སྣ་དང་།མཁྲིས་རྒྱུ་གཤེར་རྩི་མེད་པ།ཚ་དྲོད་ཆུང་བ་བཅས་ཀྱི་དབང་གིས་ལོ་ཚད་མི་འདྲ་བའི་མི་ཚོགས་ཀྱི་འཚོ་བཅུད་དང་བདེ་ཐང་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།ཁྲོམ་རའི་ཐོག་གསེར་གྱི་ཤིང་འབྲས་ཞེས་མཚན་སྙན་ཡོད་པ་རེད།ངས་ས་ཆ་མང་པོར་རྟོག་ཞིབ་བྱེད་དུ་འགྲོ་སྐབས་ཞིང་པ་མང་པོ་ཞིག་གིས་ཚེར་སེའུ་འདེབས་འཛུགས་བྱས་ནས་ཕྱུག་པོར་ཆགས་པའི་གནས་ཚུལ་མཐོང་ཐོས་བྱུང་བས།ཚེར་སེའུ་འདེབས་འཛུགས་བྱ་རྒྱུར་དེ་བས་ཡིད་ཆེས་སྐྱེས་བྱུང་། དེ་རྗེས་ངས་རྒྱུན་ཆད་མེད་པར་དཔྱད་གཞིའི་ཡིག་རིགས་འཚོལ་བ་དང་།སྤྱི་གཉེར་ཁང་ལ་འདྲི་རྩད་བྱེད་པ་བཅས་བྱས་ནས2012ལོར་བཅོལ་དངུལ་ཡོད་ཚད་བཏང་ནས་ཚེར་སེའུ་སྡོང་ཕྲུག8000འདེབས་འཛུགས་བྱས་ཏེ་དར་མདོ་གྲོང་ཁྱེར་གྱི་ཚེར་སེའུ་འདེབས་མཁན་ཐོག་མར་གྱུར་ཡོད་ཟེར།

ལོ་བཅུ་ཡི་འཕེལ་རྒྱས་བརྒྱུད་ཝང་ཀྲེང་ཕུའུ་ཡི་ཚེར་སེའུ་ཐོན་ལས་དེ་ད་ཆ་མུའུ100ཡི་གཞི་ཁྱོན་ཅན་དུ་གྱུར་ཡོད་ལ་སྡོང་ཕྲུག་ཁྲི3ལྷག་ཙམ་འདེབས་འཛུགས་བྱས་ཡོད། ཐོག་མའི་ཁ་ཐོར་ཕྱིར་ཚོང་ནས་ད་ལྟའི་ཚེར་སེའུ་འདེབས་འཛུགས་དང་།འཐོག་པ།ཐོན་སྐྱེད་ལས་སྣོན་བཅས་གཞི་གཅིག་ཅན་གྱི་འདེབས་འཛུགས་ཐོན་ལས་རྟེན་གཞི་བར་ཕྱིར་ཚོང་བྱེད་ཀྱི་ཡོད་། མི་འགའ་ཞིག་ལས་ཞུགས་ཐུབ་པ་ནས་ད་ལྟ་མི50ལྷག་ཙམ་ལས་ཞུགས་ཐུབ་པ་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་ས་ཞིང་ནང་བཤུག་བཏང་བ་བརྒྱུད་ས་གནས་དེ་གའི་གྲོང་མིའི་ཡོང་འབབ་བརྟན་ཁྲོད་འཕར་སྣོན་བྱུང་ཡོད།

གསར་དར་གྲོང་སྡེའི་ཚེར་སེའུ་འདེབས་འཛུགས་རྟེན་གཞིའི་ནང་སྨི་གཅིག་ལྷག་ཡོད་པའི་ཚེར་སེའུ་སྡོང་པོར་དམར་ལམ་ལམ་གྱི་ཚེར་སེའུ་ཡིས་གང་ཡོད་པའི་རྣམ་པ་གསར་འགོད་པའི་མིག་ལམ་དུ་མངོན་བྱུང་།གྲོང་མི་ཨ་ཅག་ལི་ལགས་ཀྱིས་ཚེར་སེའུ་བཏུས་ནས་གཟེབ་མའི་ནང་བླུགས་ཞོར། འདི་གར་ཞོར་ལས་ཡོང་ནས་ཟླ་ཕྱེད་ཙམ་ལ་ཆ་སྙོམས་ཉིན་རེར་རྒྱ་མ60ཙམ་འཐོག་ཐུབ་ཀྱི་ཡོད།ཉིན་གཅིག་ལ་ཡོང་འབབ་སྒོར100ལྷག་ཙམ་ཡོང་གི་འདུག་ཅེས་བཤད།

ད་ཆ། ཚེར་སེའུ་འདེབས་འཛུགས་བྱས་པ་དེ་གསར་དར་གྲོང་སྡེའི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ནས་སྤྲོ་གསེང་ལྟ་སྐོར་གྱི་ཞིང་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། ཕྱིན་ཆད། ཝང་ཀྲེང་ཕུའུ་ཡིས་ཚེར་སེའུ་ཐོན་ལས་སྦྲེལ་ཐག་སྣུར་བསྲིང་དང་རྒྱ་ཆེར་གཏང་རྒྱུ་མུ་མཐུད་འཚོལ་ཞིབ་བྱས་ནས་ཚེར་སེའུ་སྤུས་རྟགས་ཧུར་ཐག་གཏོད་དེ་ཡུལ་མི་ཚོ་དང་མཉམ་དུ་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་རྩིས་ཡོད་པ་རེད།། ( ཀུན་དགས་བསྒྱུར།)


  • ལེ་ཚན་སྔོན་མ།:ལྕགས་ཟམ་ཁ་ནས་སྲིབ་སྨད་བར་གྱི་ཕུག་ལམ་སྨི་ཁྲི7ལྷག་ཕུག་ཐུབ་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།