ངག་གི་ཟླ་བ།

རྫ་ཤུལ་བློ་བཟང་།        2022-09-30

ཆར་འཇམ་ཟམ་ཟིམ་ཉིལ་བ་ཡིས། །

སྣང་བའི་མེ་ལོང་གསལ་བར་བྱས། །

དབྱར་ལ་བཞད་པའི་མེ་ཏོག་དེ། །

དུང་བའི་ཁ་དོག་མཚོན་པ་བཞིན། །

སྟོན་གྱི་འདབ་ལོ་རླུང་གིས་འགུལ། །

མཚོ་མོའི་རླབས་སྒྲ་རྣ་བར་སིམ། །

ཚོར་བས་བསྐྲུན་པའི་རྣམ་ཤེས་དེ། །

མིང་དང་ཚིག་གི་གསེབ་ཏུ་ལུས། །

དྲན་པའི་སྒེའུ་ཁུང་ཆུང་ཆུང་ནང་། །

སྨིན་དྲུག་ཕྲ་མོའི་ཟུར་མིག་ལྷག །

མཛའ་གཞས་རྒྱང་ནས་དཀྲོལ་བ་ཡིས། །

ཞི་བའི་ལྷིང་འཇགས་དབྱིངས་སུ་ཐིམ། །

འཛུམ་གྱིས་ཨུ་དུམ་ཝ་ར་འཁྲུངས། །

སྨོན་འདུན་དེ་ཡི་འཁྲིས་སུ་སྤུངས། །

ཡངས་བའི་ས་ཆེན་བརྩེ་བས་བསྟིམས།།

ལས་ཀྱི་ལམ་ཡིག་གླེང་བར་བརྩམས། །

ལོ་མང་བསླས་པའི་བརྩེ་མགུར་ཞིག །

གནམ་སའི་ཕང་དུ་བཞག་པ་དེས། །

སྣང་བ་དངུལ་དཀར་བུམ་ཆུང་གི། །

ཕྱི་ནང་གཉིས་ཀྱི་གསང་བ་རྟོགས། །

བརྩེ་མཐུན་ཁྲུང་ཁྲུང་ཆ་འགྲིག་ཅིག །

མཚོ་མོའི་ཁ་རུ་ལྷོད་ཀྱིས་གཡེང་། །

སྐྱིད་པའི་དགོད་སྒྲ་མ་ཐོས་ཀྱང་། །

གདུང་སེམས་སྐྱོ་བའི་ན་བུན་སེང་། །

སྨུག་སྤྲིན་གསེབ་ཀྱི་རྫི་བོ་ཁྱོད། །

སེམས་པ་འཚོ་བའི་འཚོ་རོགས་ཡིན། །

གནམ་གྱི་རྒྱལ་མོའི་བཀོད་སྒྲིག་གིས། །

ལག་ཏུ་ཐོབ་པའི་དྲན་ཤིང་ཡིན། །

འཕྱ་བའི་སྐད་དང་ཚེར་མའི་གྲོང་། །

མི་སེམས་མུན་ནག་གྲིབ་མའི་གཟུགས། །

རླུང་དམར་རྒོད་པོའི་འཇིག་རྟེན་དུ། །

ཚེ་ཡི་ཕྲེང་ཐག་ཁྱེད་ལ་ཕུལ། །

བྲིས་ཀྱང་རྫོགས་ཐབས་མེད་པ་ཡི། །

གཏམ་གྱི་གླེགས་བམ་ཆེན་མོ་བརྩིགས། །

རེ་དགའ་རེ་སྡུག་འཚོ་བའི་ཁྲོད། །

ཡིད་ཀྱི་ཁེན་ས་གཅིག་པུ་ཡིན། །



  • ལེ་ཚན་སྔོན་མ།:ཁ་ཆར་འཐུང་བའི་བྱེའུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།