ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འདིའི་ཐོག་འདི་འདྲ་བསྟན་འདུག།

        2022-09-29

ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་རེའི་ཁུལ་གྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བྱས་པ་རེད།

     སྤྱི་ཟླ9ཚེས28ཉིན་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་རྒྱག་པ་དང་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཏང་ནང་གི་ཁྲིམས་སྲོལ་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། རང་རེའི་ཁུལ་གྱིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

     ཚོགས་འདུའི་ཐོག་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཡིན་པས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཚད་དཔོག་གསར་པ་དང་། ཁ་ཕྱོགས་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་བསམ་གཞིག་འཛིན་པ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏང་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་སྒྲེང་བ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བྱེད་པ། ཏང་དང་བློ་གཅིག་སེམས་གཅིག་དང་། བློ་ཁ་གཅིག་མཐུན། སེམས་པ་གཅིག་མཐུན་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོང་། རིམས་ནད་འགོག་ཟོན་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། ཐབས་འདོན་ཧུར་ཐག་བཏོན་ཏེ་གཙོ་གནད་ལས་དོན་གྱི་ཁྱོན་ཡོངས་ལ་ཧུར་ཐག་ཞུགས་པ་དང་ཞབས་ཞུ་ཧུར་ཐག་བསྒྲུབ་དགོས། རྒྱུད་རིམ་ལྡན་པའི་འདུ་ཤེས་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་དམངས་གཉེར་དཔལ་འབྱོར་དང་། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ། ཞང་ཀང་དང་ཨའོ་མོན། ཐའེ་ཝན། ཕྱིར་སྡོད་རང་མི་སོགས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་གི་ལས་དོན་ཡག་པོ་བསྒྲུབ་དགོས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། ཏང་ཕྱིའི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་ནང་མཉམ་འདྲེས་བྱ་རྒྱུར་སྣང་ཆེན་བྱེད་ཅིང་། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་དོན་གྱི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཐུས་ཚང་དུ་གཏང་དགོས།

     ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་འཕྱུགས་མེད་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ལག་བསྟར་བཅས་བྱས་ཏེ“དགོས་ངེས་བཅུ་གཉིས”བློ་བརྟན་འགྱུར་མེད་ངང་ལག་བསྟར་དང“འབྲེལ་བ་བཞི”ཐག་གཅོད་ཡང་དག་བྱས་ནས་དཀར་མཛེས་ཁུལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པས་དེ་སྔ་ཆ་སྒྲིག་འབྲེལ་གཏུག་བྱེད་པའི་རྨང་གཞིའི་ཐོག་སླར་ཡང“9·5”ཡི་ས་འགུལ་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་གཅིག་དང་འབྲེལ་བ་བྱ་དགོས། སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས་སྔོན་ཐོན་རིག་གནས་རྒྱུན་མི་ཆད་པར་འཕེལ་རྒྱས་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཤུགས་བརྒྱག་དགོས། ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས་ཁུལ་ནང་ཁུལ་དང་ཁུལ་ཕྱི་རོལ་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་འགྲོ་སྐྱོད་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་ཞིང་། མི་རིགས་ཁག་བར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏང་དགོས། རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་ཡུལ་སྡེ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་ནས་ཐུན་མོང་ཕྱུག་འབྱོར་གྱི་རྨང་གཞི་བརྟན་དུ་གཏང་དགོས། མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་ཅིང་། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་མི་རིགས་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས།

    ཚོགས་འདུའི་ཐོག་ཆོས་ལུགས་ལས་དོན་དེ་མཐར་གཏུགས་ནས་བཤད་ན་མང་ཚོགས་ཀྱི་ལས་དོན་ཞིག་ཡིན་པ་དང་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དཀར་མཛེས་ཁུལ་གྱི་ཆབ་སྲིད་ཉེན་མེད་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་བ་བཅས་དང་འབྲེལ་བ་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་ཁ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པར་གཞི་ཚུགས་ནས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་ཞིང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་ཁྲིད་སྟོན་ཧུར་ཐག་བྱ་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་འདུ་ཤེས་འཛིན་སྟངས་ཀྱི་འགོག་སྲུང་ར་བ་བསྐྲུན་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེ་རིགས་ནུས་ཤུགས་ཡོད་རྒུས་དོགས་ཟོན་དང་སེལ་ཐབས་བྱ་དགོས། ཏང་ལ་དགའ་ཞེན་དང་།རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཟམ་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། སེམས་ཁུར་དང་། གཅེས་སྐྱོང་། དགོན་ཕན་གྲྭ་ཕན་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དོན་ཐོག་འཁྱོལ་བ། རྒྱལ་གཅེས་ཆོས་གཅེས་ཀྱི་དགོན་སྡེར་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། གྲྭ་བཙུན་རྒྱ་ཆེན་མཉམ་བཅོས་མཉམ་གཉེར་གྱི་ཁྲོད་དུ་ཞུགས་པར་ཁྲིད་སྟོན་བྱ་དགོས། “དཔུང་ཁག་གསུམ”འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆོས་ལུགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས།

     ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཏང་ནང་གི་ཁྲིམས་སྲོལ་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་ཁུལ་ཡོངས་ཀྱི་ཏང་ནང་གི་ཁྲིམས་སྲོལ་ལས་དོན་གྱི་གནས་ཚུལ་སྙན་ཞུར་ཉན་འཇོག་བྱས་པ་རེད།

     ཚོགས་འདུའི་ཐོག་ནན་བསྟན་བྱས་དོན། སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།“སྲུང་སྐྱོང་གཉིས”ཀྱི་ལམ་ལུགས་འགན་ལེན་འཐུས་ཚང་དུ་གཏང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཏང་ནང་གི་ཁྲིམས་སྲོལ་ལས་དོན་ལ་སྐུལ་འདེད་གཏང་དགོས། ཡིག་ཆ་བཟོ་བ་དང་། དྲིལ་བསྒྲགས་གསལ་འགྲེལ། ཁྲིམས་སྲོལ་གཙང་བཤེར། ལམ་ལུགས་ལག་བསྟར་སོགས་ཀྱི་གཙོ་གནད་ལས་དོན་གཅིག་གྱུར་འཆར་འགོད་བྱས་ནས་ཡག་པོ་བསྒྲུབས་ཏེ་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་ཐུབ་པ་དང་། སྤྱོད་ཐུབ་པ། དོ་དམ་ཐུབ་པ་བཅས་འགན་ལེན་བྱ་དགོས། རིམ་ཁག་ཏང་ཨུ(ཏང་ཚན་ཁག)ཡིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་གོང་འོག་འབྲེལ་མཐུད་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་སྟེ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་བཏོད་དེ་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཕན་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏང་དགོས།

     ཚོགས་འདུའི་ཐོག་སྤྱི་ཟླ10པར་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། རིམས་ནད་འགོག་ཟོན། གནོད་རྗེས་བསྐྱར་སྐྲུན། ཉེན་མེད་ཐོན་སྐྱེད། དཔལ་འབྱོར་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།


ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་པེ་ཅིང་འགྲེམ་སྟོན་ཁང་ལ་གཟིགས་སྐོར་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།