མ་མོ་མ་བུ་ལྷ་སར་བསྐྱོད་པ།

གངས་ཆབ།        2022-09-30

རི་སེ་ཡུ་སྤྲ་ལུང་ན་མ་མོ་མ་བུ་གཉིས་གནས་ཡོད།

ཉིན་ཞིག་མ་མོས་ལུ་གུ་ལ། “མ་ལོ་སང་ཉིན་སྔ་ཚེས་ནས་ཡར་ལོངས་དང་འུ་གཉིས་ཀ་ལྷ་སར་འགྲོ” ཞེས་བཤད།

ལུ་གུ་ཡ་མཚན་པའི་སྒོ་ནས། “ཨ་མ་ལྷ་སར་ཅི་ལ་འགྲོ་ནི་ཡིན” ཞེས་བཤད། མ་མོས། “ཨ་མའི་གཅེས་ཕྲུག། ལྷ་ས་ན་ཇོ་བོ་ཡིད་བཞིན་ནོར་བུ་མཇལ་རྒྱུ་ཡོད་ནི་རེད། ཇོ་བོའི་མདུན་ནས་གསོལ་བ་གང་བཏབ་ན་འགྲུབ་ནི་རེད” ཅེས་ཟེར་བས། “ཡ་ཨ་མ་དེས་ན་འགྲོ་ཡ” ཞེས་ལུ་གུས་དགའ་སྣང་གི་ངང་ནས་དེ་ལྟར་བཤད།

ཕྱིར་ནངས་སྐྱ་མདའ་ཕག་པ་དང་མ་མོ་མ་བུ་གཉིས་ཀ་ལམ་ལ་ཆས། སོང་གིན་སོང་གིན་ནམ་ལངས་ཏེ་ཉི་མ་འཆར་ཁར་ལུང་བའི་སུམ་མདོ་ཞིག་ལ་སླེབས།

སྤྱང་རྒན་སྐྱ་ར་ཟས་འཚོལ་དུ་ཡོང་བའི་སྐབས་དེར། ཏག་ཏག་སུམ་མདོ་དེ་ནས་མ་མོ་མ་བུ་དང་གདོང་ཐུག་བརྒྱབ།

“ཧ་ཧ། དེ་རིང་ཟ་ཁ་དར་སོང”ཞེས་མ་མོ་མ་བུའི་སྟེང་དུ་མཆོང་གྲབས་བྱས།

“ཨ་སྤྱང་ལྷ་སྤྱང་རིན་པོ་ཆེ། དེ་རིང་འུ་གཉིས་མ་བཟའ་རོགས། འུ་མ་བུ་གཉིས་ལྷ་སར་སོང་ནས་ཕྱིར་འོང་སྐབས་ཁྱོད་ཀྱིས་འདི་ནས་སྒུགས་དང་། སྐབས་དེ་དུས་འུ་མ་བུ་གཉིས་ཤ་ཤེད་བཟང་ནི་རེད” མ་མོས་དེ་ལྟར་བཤད་མ་ཐག།

“ཨོ་ལེ། སྐབས་དེར་ང་ཡང་ནར་སོན་ནས་ཆེན་པོ་ཆེན་པོར་གྱུར་ཡོད་ནི་རེད” ལུ་གུས་ཀྱང་དེ་ལྟར་བཤད།

སྤྱང་ཀིས་བསམ་བློ་གཏོང་གིན། “ཡ་དེས་ན་ཆོག་གི། མར་ཡོང་དུས་ངེས་པར་འདི་ནས་ཡོང་དགོས། ངས་སྐབས་དེར་ཅི་འདྲའི་ལུག་ཤ་ཞིམ་པོ་ཞིག་བཟའ་དགོས་ཡ། ཧ་ཧ་ཧ”ཞེས་དགོད་ཞོར་དེ་ལྟར་བཤད་ནས་མ་མོ་མ་བུ་གཉིས་ལམ་ལ་མངགས། འཇིག་རྟེན་གྱི་ཁ་དཔེར། གྲོག་ཁ་ལ་བྱུང་བ་ལྕེ་ཡིས་ཕུད་ཅེས་པའི་དཔེ་ལས་མ་འདས་སོ།།

དེ་ནས་མ་མོ་མ་བུ་གཉིས་ལྷ་སར་སླེབས་ནས་ཇོ་བོའི་སྐུ་མདུན་ལ་ཐོད་པ་གཏུགས་ཏེ། “ངའི་གཅེས་ཕྲུག་འདིར་བར་ཆད་མེད་པར་ཤོག” “ངའི་ཨ་མ་སྤྱང་རྒན་སྐྱ་རའི་ཁ་ནས་ཐར་བར་སྨོན”ཞེས་སོ་སོས་རང་ཉིད་ལ་མི་སེམས་པར་གཞན་པ་ཐར་ཐབས་སུ་སྨོན་ལམ་བཏབ། བསམ་བཟང་ཅན་ལ་ནམ་མཁའི་ལྷ་ཡིས་སྐྱོབ་ཟེར་བ་ཅི་མ་བདེན།

དེ་ནས་ཕྱིར་རང་ཡུལ་དུ་ལོག་ནས་ཡོང་། མ་མོས་ལུ་གུ་ལ། “ཨ་མའི་གཅེས་ཕྲུག། ང་ཅིས་ཀྱང་སྤྱང་རྒན་ལ་བཟའ་རུ་གཞུག་དགོས་པས། ཁྱོད་སྐབས་དང་བསྟུན་ནས་འབྲོ་ཅི་ཐུབ་གྱིས”ཞེས་བཤད་པས། “མིན། ཨ་མ། ང་བཟའ་རུ་གཞུག་རྒྱུ་ཡིན། ཁྱེད་རང་ངེས་པར་དུ་ཐར་ཐབས་བྱ་དགོས”ཞེས་མ་བུ་གཉིས་ཀས་རྩོད་པ་བྱེད་ཞོར། ལམ་ནས་ངུ་བཞིན་ངུ་བཞིན་འོང་།

རི་བོང་བློ་ལྡན་རི་སུལ་ན་རྩེད་མོ་རྩེ་བཞིན་ཡོད། ཁོའི་རྣ་ལམ་དུ་རྒྱང་རིང་ཞིག་ན་ངུ་སྐད་ཅིག་ཐོས། “ཨེ། ཅི་ཞིག་ཡིན་ནམ། ངུ་སྐད་ཅིག” དེ་ལྟར་ཁེར་ལབ་བྱས་ཏེ་རི་གདོང་ཞིག་ནས་རྒྱང་ལྟ་བྱས་པས། ལམ་ནང་དུ་མ་མོ་མ་བུ་གཉིས་ངུ་བཞིན་འོང་པ་མཐོང་། རི་བོང་རྒྱུགས་མ་མཆོང་གི་ངང་ནས་སྐད་ཅིག་གིས་མ་མོ་མ་བུ་གཉིས་ཀའི་རྩ་ལ་སླེབས། “མ་ངུ་མ་ངུ་། དོན་དག་ཅི་བྱུང་སོང་། ”དེ་ལྟར་འདྲི་ཚེ། མ་མོས་གོམ་པ་སྤོ་མཚམས་བཞག་སྟེ། “ཧི། རི་བོང་བློ་ལྡན། ད་མི་རིང་བའི་ས་ན་སྤྱང་རྒན་སྐྱ་རས་འུ་མ་བུ་གཉིས་བཟའ་རྒྱུ་ཟེར་ནས་བསྒུག་ནས་ཡོད། ད་འཆི་རྒྱུ་རེད། ངའི་གཅེས་ཕྲུག་འདི་ཤ་རེ་ཚ”མ་མོའི་མིག་ནས་མཆི་མའི་ཆར་རྒྱུན་འཐོར་བཞིན་ངུ་ངག་གིས་དེ་ལྟར་ལབ། དེར་མཐུད་ནས། “ཨོ་ལེ། ཨོ་ལེ། སྤྱང་རྒན་སྐྱ་ར་འཆི་རྒྱུ་བོ། ཁོས་འུ་གཉིས་བསྒུགས་ནས་ཡོད། རི་བོང་བློ་ལྡན། ངའི་ཨ་མ་འདི་མི་བཟའ་ཐབས་རེ་ཨེ་ཡོད། ཨ་མ་ཐར་སོང་ན་ང་བཟས་ཀྱང་འགྱོད་པ་མེད”ཅེས་སྒམ་ཚུགས་པའི་ངང་ནས་ལུ་གུས་དེ་ལྟར་བཤད།

རི་བོང་གིས་མ་མོ་མ་བུ་གཉིས་ཀའི་བདག་བས་གཞན་གཅེས་ཀྱི་བསམ་བློ་དང་ཆོད་སེམས་ལ་ཡི་རངས་ཏེ། ཅུང་ཙམ་བསམ་བློ་བཏང་སྟེ། “ཡ། ད་ངུ་མི་དགོས། ང་དང་འགྲོགས་ནས་ཤོག་དང་། ང་རི་བོང་བློ་ལྡན་ལ་བཀོད་པ་ཞིག་ཡོད”ཅེས་གདེང་ཚོད་ཡོད་པའི་བཟོ་ལྟ་ངོམས།

དེ་ནས་ཁོ་ཚོ་འགྲོགས་ཏེ་ཁྱིམ་ཚང་ཞིག་གི་མཚེར་ཤུལ་དུ་སླེབས་པ་དང་། ཤོག་གུ་ལྡེབ་མ་འགའ་དང་། རས་ལྡེ་ལིང་མ་ཞིག། རྔོ་ཡོག། ཅིག་ཡོད་པ་རྣམས་ཁྱེར་ཏེ་མ་མོ་མ་བུ་གཉིས་ལ་བྱེད་སྟངས་བསླབས་ཏེ་ལམ་ལ་ཆས།

སྔར་གྱི་སུམ་མདོ་དེར་སླེབས་སྐབས། ཅི་ཆ་མེད་པར། སྤྱང་རྒན་གྱིས“ཨ་ཡོ། སྒུག་ཡུན་རིང་སོང་། ད་ལུག་ཤ་སྨན་དྲི་མ་ལ་ལོངས་སྤྱོད་པའི་སྐལ་བ་ལྡན་སོང་། ཧལ་ཧལ”ཟེར་བཞིན་ལྕེ་བསྣར་ནས་ཁོ་ཚོའི་མདུན་དུ་མཆོངས་བྱུང་། སྐབས་དེར། སྐད་གསང་མཐོན་པོས། “གདན་ནག་མ་ཐོངས།”རི་བོང་བློ་ལྡན་གྱིས་འགྱིང་སྟབས་ཀྱིས་དེ་ལྟར་བརྗོད་པས། མ་མོས་གུས་གུས་ཞུམ་ཞུམ་གྱིས་རས་ལྡེ་ནག་པོ་གྲུ་བཞི་དེ་གདན་དུ་བཏིང་། “ གདུགས་ནག་མ་ཕྱོར”ཞེས་རི་བོང་བློ་ལྡན་རས་ལྡེ་ནག་པོའི་གདན་ལ་བཞུགས་ཞོར་དེ་ལྟར་བཤད། “ལགས་སོ” ལུ་གུས་ཁ་ཉ་ཉ། སྒྱིད་པ་ཞ་ཞ་བྱེད་ཀྱིན་རྔོ་ཡོག་དེ་རི་བོང་གི་མགོ་ཐད་དུ་བསྒྲེངས་ཏེ་ལངས་ནས་བསྡད། “རྒྱ་ནག་རྒྱལ་པོའི་བཀའ་ཤོག་ཁྱེར་ཤོག”ཅེས་རི་བོང་ཅུང་ཁྲོས་པའི་ཉམས་དང་ལྡན་པའི་སྒོ་ནས་དེ་ལྟར་བོས་པས། “ལགས་སོ། རྒྱལ་པོ་ཆེན་པོ”ཞེས་མ་མོས་གུས་འདུད་ཚད་མེད་པའི་སྒོ་ནས་ཤོག་གུ་སྡེབ་མ་འགའ་དེ་རི་བོང་ལ་ཕུལ། “འདིར་བཞུགས་འཁོར་ཚོགས་ཚང་མས་མ་ཡེང་པར་ཉོན་ཅིག “རྒྱ་ནག་རྒྱལ་པོའི་བཀའ་ཤོག་ནང་བཀོད་དོན། ད་ནས་ཉིན་བཅུ་ཚུན་ལ་སྤྱང་ཀི་བརྒྱ་ཡི་སྐེ་གཅད་དགོས། ལས་འགན་ལག་བསྟར་བྱས་པར་རི་བོང་བློ་ལྡན་ཆེད་མངགས་བྱས་པ་ཡིན”ཞེས་བཀོད་ཡོད་པས། སྤྱང་ཀི་དགུ་བཅུ་གོ་དགུའི་སྐེ་བཅད་ཟིན། ད་སྤྱང་རྒན་འདིའི་སྐེ་ཆོད་དང་བརྒྱ་ཁ་གང་སོང་།” ཞེས་རྔམ་རྔམ་གྱིས་དེ་ལྟར་བསྙད་པས། སྤྱང་རྒན་སྐྱ་རས་འཇིགས་སྐྲག་ཚད་མེད་སྐྱེས་ཏེ་འདུག་མ་བཟོད་པར་ཕྱི་བལྟས་མེད་པར་བྲོས་སོང་།

སྤྱང་རྒན་སྐྱ་ར་བྲོས་ཀྱིན་བྲོས་ཀྱིན། ཝ་མོ་ཞིག་དང་ཕྲད། “ཨ་རོགས་སྤྱང་རྒན། དེ་འདྲ་ཞིག་འཚུབ་སྟེ་གང་ལ་རྒྱུག་རྒྱུ”ཝ་མོས་དེ་ལྟར་དྲིས། “རྒྱ་ནག་རྒྱལ་པོས་རི་བོང་བློ་ལྡན་མངགས་ཏེ་སྤྱང་ཀི་བརྒྱ་ཡི་སྐེ་གཅད་རྒྱུ་ཟེར། སྤྱ་ཀི་དགུ་བཅུ་གོ་དགུའི་སྐེ་བཅད་ཟིན་འདུག། དེ་བས་ང་བྲོས་པ་ཡིན”སྤྱང་ཀིས་དབུགས་ཧལ་ཧལ་གྱིས་དེ་ལྟར་བཤད། “ཧ་ཧ་ཧ་་་་་་་་་སྤྱང་ཀི་གླེན་པ། རི་བོང་ལ་དེ་འདྲའི་ནུས་པ་ཞིག་གང་ན་ཡོད། འགྲོ། ང་དང་འགྲོགས་ནས་འགྲོ། རི་བོང་གཡོ་སྒྱུ་ཅན་དེར་ནུས་པ་ག་ཚོད་ཡོད་པ་བལྟ་རུ་འགྲོ”ཝ་མོས་ཁྲོ་ཚུལ་གྱིས་དེ་ལྟར་བཤད། སྔ་དྲོ་ཞེ་སྡང་སྦྲུལ་གྱིས་འཇིགས་རྔམ་བསྟན་ན། ཕྱི་དྲོ་ཐ་གུ་ཁྲ་ཁྲར་ཡིད་མི་ཆེས་ཞེས་པ་ལོས་བདེན། སྤྱང་ཀི་ཡིད་མི་ཆེས་པའི་ངང་ནས། “མི་འགྲོ། ང་ངོ་མ་འགྲོ་མི་ཕོད། ལྷག་ཏུ་ཝ་མོ་ཁྱོད་ལ་ཡིད་རྟོན་དེ་བས་མེད། ”ཅེས་བཤད། ཝ་མོས། “ཨ་སྡར་མ། ཁྱོད་ཡིད་མི་ཆེས་ན་འུ་གཉིས་རྔ་མ་སྦྲེལ་ཏེ་འགྲོ ”ཞེས་དཔའ་ཚུལ་གྱིས་བཤད་པས། སྤྱང་ཀི་ཅུང་ཞེ་ལྷོད་དེ། གཉིས་ཀས་རྔ་མ་སྦྲེལ་ཏེ་སོང་།

“ཨ་མ། ཨ་མ། སྤྱང་ཀིས་ཝ་མོ་གྲོགས་སུ་སྦྲན་ཏེ་ཕྱིར་ཡོང་གིན་འདུག ད་བྲོས་ན་དགའ། རེམས”ཞེས་ལུ་གུས་འཇིགས་སྣང་གིས་བཤད། རི་བོང་གིས་བག་ལྷོད་པའི་ངང་ནས། “མ་འབྲོ། ”ཟེར་བཞིན། སྐད་ཤུགས་མཐོན་པོས། “ཀི་་་་་ཝ་མོ་དཔའ་རྒོད། ཁྱོད་ངར་བ་རེད། རྒྱ་ནག་རྒྱལ་པོས་བྱ་དགའ་ཆེན་པོ་སྟེར་རྒྱུ་རེད། སྤྱང་རྒན་དེ་མྱུར་དུ་ཁྲིད་ཤོག”ཅེས་བོས།

སྐབས་དེར་སྤྱང་རྒན་སྐྱ་རས་རང་ཉིད་ཝ་མོའི་གཡོ་འོག་ཏུ་ཚུད་སོང་སྙམ་ནས་ཕྱི་ལྟོས་མེད་པར་ཤུགས་ཀྱིས་བྲོས། བྲོས་ཀྱིན་བྲོས་ཀྱིན། ཝ་མོའི་ལུས་སྟོད་ཀྱི་སྤུ་ཡོད་ཚད་ཤུད་དེ་ལུས་སྟོད་དམར་རྗེན་དུ་གྱུར།

རི་བོང་གིས། “ཝ་མོ་དཔའ་རྒོད། ཕྲག་ཤ་ཐང་ལ་གཡུགས་ཏེ་ཤུགས་ཀྱིས་འཐེན་དང་ང་ཐོན་ཡོང་། ”དེ་ལྟར་འབོད་ཀྱིན་རྗེས་སྙེག་ཚུལ་བྱས། སྤྱང་ཀིས་ཕྱིར་མིག་ཅིག་བལྟས་པས། ཝ་མོའི་ཁོག་སྟོད་དམར་རྗེན་དུ་གྱུར་པ་མཐོང་ནས། ངོ་མ་ཝ་མོས་ཤུགས་བསྒྲིམས་ཏེ་འཐེན་གྱིན་འདུག་སྙམ་ནས། དེ་ལས་ཀྱང་ཤེད་ཤུགས་ཆེན་པོས་བྲོས། བྲོས་ཀྱིན་བྲོས་ཀྱིན་ཝ་མོ་འཆི་ལ་ཉེ་བས་ཁ་གཉེར་ཏེ་མཆེ་བ་མངོན་བྱུང་།

“ཝ་མོ་དཔའ་རྒོད། མ་མགལ་ཁར་རྫོངས་ཏེ་ཤུགས་ཀྱིས་འཐེན་དང་། ང་རེམ་པར་སླེབས་ཡོང་། སྐབས་དེར་ཁྱོད་ལ་བྱ་དགའ་གྱ་ནོམ་པ་འཐོབ་རྒྱུ་རེད”ཅེས་འབོད་ཀྱིན་རྒྱུག་གིན་མདུན་དུ་བསྐྱོད།

སྤྱང་ཀིས་ཕྱིར་ལ་བལྟས་པས། ཝ་མོས་མ་མགལ་ཁར་བརྫངས་ཏེ་ཤུགས་ཀྱིས་འཐེན་འདུག་སྙམ་ནས། ཤེད་ཤུགས་ཡོད་རྒུ་བཏོན་ཏེ་མདུན་དུ་བརྒྱུགས་པས། ཝ་མོའི་རྔ་མ་ཆད་དེ། སྤྱང་ཀི་ཤུགས་ཀྱིས་ཡར་ནས་མགོ་བོ་སྡོང་རྒན་ལ་ཕོག་ཏེ་དེ་ཉིད་དུ་ཚེ་ལས་འདས། བློ་དང་ལྡན་ན་ཉམ་ཆུང་ཡང་། ། སྟོབས་ལྡན་རྒྱལ་པོས་ཅི་བྱར་ཡོད། ། ཅེས་པའི་ལེགས་བཤད་ཀྱི་དོན་དང་མཐུན་ནོ།།

དུས་དེ་ནས་བཟུང་མ་མོ་མ་བུ་གཉིས་དང་རི་བོང་རྣམས་ཕན་ཚུན་གཅིག་ལ་གཅིག་བྱམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བས་དུས་འདས་སོ།



  • ལེ་ཚན་སྔོན་མ།:ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་།། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལྷག་པར་ཟབ།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།