ཞི་ཅིན་ཕིང་གིས་པེ་ཅིང་འགྲེམ་སྟོན་ཁང་ལ་གཟིགས་སྐོར་གནང་།

        2022-09-29

ཞི་ཅིན་ཕིང་གིས་པེ་ཅིང་འགྲེམ་སྟོན་ཁང་ལ་གཟིགས་སྐོར་གནང་།

     ཞི་ཅིན་ཕིང་གིས་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་ཅེས་པའི་གཙོ་དོན་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐབས། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད། མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བླང་དགོས་པའི་ནན་གསུང་གནང་།

     ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས27ཉིན་པེ་ཅིང་འགྲེམ་སྟོན་ཁང་དུ་ཕེབས་ནས་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་ཅེས་པའི་གཙོ་དོན་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་ཡུན་རིང་པོར་ཐག་མ་ཆོད་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། ཕུགས་རིང་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་ཡོད། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཉམས་སད་ཐེག་ཐུབ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། ལོ་བཅུའི་རིང་གི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན། འགག་སྒྲོལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱེད་པ་དང་། ལོ་ངོ10རིང་གི་འཕོ་འགྱུར་རླབས་པོ་ཆེ་དེའི་ཏང་གི་ལོ་རྒྱུས་དང་། ཀྲུང་གོའི་ལོ་རྒྱུས་གསར་པ། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐད་ལ་ཡོད་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་དྲིལ་བསྒྲགས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་།ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་དང་། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་བརྩམས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་འཐོབ་པར་བྱ་དགོས་པའི་སྐུལ་མ་བྱ་དགོས།

     ལི་ཁེ་ཆང་དང་། ལི་ཀྲེན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་འགྲེམ་སྟོན་ལ་གཟིགས་སྐོར་གནང་།

     ཕྱི་དྲོའི་ཆུ་ཚོད3དང་སྐར་མ45ཡི་ཐོག་ཞི་ཅིན་ཕིང་སོགས་དབུ་ཁྲིད་བློ་མཐུན་པེ་ཅིང་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་ལ་གཟིགས་སྐོར་གནང་བར་ཕེབས་པ་རེད། འགྲེམ་སྟོན་དེས་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་ཅེས་པའི་གཙོ་དོན་ལ་དམ་པོར་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་གཙོ་རྐང་དུ་བྱས་ནས་དུས་རབས་གསར་པའི་ལོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གྲུབ་འབྲས་རླབས་ཆེན་དང་འཕོ་འགྱུར་རླབས་པོ་ཆེ་ལ་དམིགས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་གནས་བབ་དང་རྣམ་པ་གསར་པ་མངོན་པར་མ་ཟད། འཕོ་འགྱུར་གྱི་ལྐོག་གྱུར་སྟོབས་ཤུགས་དང་སྒུལ་ནུས་ཀྱང་གསལ་སྟོན་བྱས་ཡོད། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་མཛུབ་ཁྲིད་མངོན་པར་མ་ཟད། མི་དམངས་མང་ཚོགས་རྒྱ་ཆེན་གྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་པའི་རྣམ་པ་བཟང་པོ་ཡང་མངོན་ཡོད། འགྲེམ་སྟོན་ལ་གླེང་གཞི་ཚོམས་ཆེན་དང་། ཀྲུང་དབྱང་གི་ཕྱོགས་བསྡུས་འགྲེམ་ཁུལ། ས་གནས་ཀྱི་འགྲེམ་ཁུལ། ཕུགས་ལ་དམིགས་པའི་འགྲེམ་ཁུལ། ཁང་ཕྱིའི་འགྲེམ་ཁུལ། མཉམ་འགུལ་འགྲེམ་ཁུལ་བཅས་འགྲེམ་ཁུལ6བཙུགས་ཡོད་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི3ལྷག་ཙམ་ལ་ཟིན་ཞིང་། པར་རིས་དང་། དངོས་པོ། དཔེ་དབྱིབས་སོགས་འགྲེམས་སྟོན་གྱི་གྲུབ་ཆ་ཁག6000ལྷག་ཙམ་སྤྱད་དེ་མཐོང་ཕྱོགས་ཕུན་སུམ་ཚོགས་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད།

     རང་རྒྱལ་གྱི་ཚན་རྩལ་ཆུ་ཚད་དང་བཟོ་སྐྲུན་བྱེད་ནུས་ཆེ་རུ་ཕྱིན་པའི་རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་འགག་རྩའི་ཐོན་རྫས་དངོས་རྫས་དང་དཔེ་དབྱིབས་བསྟན་པ་དང་། བྱས་རྗེས་དང་གཟི་བརྗིད་མཚན་སྙན་མཚོན་པའི་གཟེངས་བསྟོད་མ་ལག་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་རྟགས་མ་རྣམས་མཚོན་པ་དང་། རྒྱལ་ཁབ་རིམ་པའི་དཔེ་སྐྲུན་ལས་གཞི་གལ་ཆེན《ཡིག་མཛོད་བསྐྱར་དར》ཞེས་པ། དབུལ་ཐར་འགག་སྒྲོལ་དང་ཏོག་གསར་གློ་ཚད་འགོག་རྒོལ་གྱི་ལོ་རྒྱུས་འཕེལ་རིམ་དངོས་རྫས་དང་། རེའུ་མིག། པར་རིས་བཅས་གསོན་ཉམས་ལྡན་པའི་ངང་བསྐྱར་དུ་མངོན་པར་བྱས། “རྨང་གཞི་སྒྲིག་ཆས་ལྔ”རམ་འདེགས་ཀྱི་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལངས་གཟུགས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་གི་ལད་ཟློས་བྱེ་གཞོང་། གོ་མཚོན་སྒྲིག་ཆས་ཀྱི་དཔེ་གཞི། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་གོ་དོན་གཏིང་ཟབ་མཚོན་པ། ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་བྱས་འབྲས་ཀྱི་འགྲེམ་པང་དང་དངོས་རྫས་མངོན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་ལངས་གཟུགས་གློག་རྡུལ་ས་བཀྲ་དང་། འཆར་འགོད་འཛུགས་སྐྲུན་དང་། འཁོར་ལམ་འགྲིམ་འགྲུལ། ཚན་རྩལ་གསར་གཏོད་ཐད་ཀྱི་བཀྲག་མདངས་འཚེར་ས་དང་གྲུབ་འབྲས་མངོན་པའི་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོའི་བྱེ་གཞོང་སོགས་དངོས་རྫས་ཀྱི་དཔེ་དབྱིབས་དང་། དངོས་པོའི་དཔེ་དབྱིབས་རེ་རེ་དང་གསོན་ཉམས་དོད་པའི་བརྙན་ལམ་དུམ་བུ། པར་རིས་རེ་རེ་བཞིན་བཅས་ཀྱིས་ཞི་ཅིན་ཕིང་སོགས་དབུ་ཁྲིད་བློ་མཐུན་ཚོའི་ཐུགས་དབང་འཕྲོག་པ་རེད། ཁོང་ཚོས་འགྲེམ་སྟོན་རེ་རེ་ལ་ཞིབ་ཏུ་གཟིགས་པ་དང་། འགྲེལ་བཤད་ལ་གསན་པ། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་རེད།

     པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་ཀྱིས་འགྲེམ་སྟོན་ལ་གཟིགས་སྐོར་གནང་བ་རེད།།


ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྒྱལ་སྟོན་གུང་གསེང་རིང་གི་འགྲིམ་འགྲུལ་བཙན་སྡོམ་གྱི་བརྡ་ཁྱབ།
  • ལེ་ཚན་རྗེས་མ།:ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འདིའི་ཐོག་འདི་འདྲ་བསྟན་འདུག།
  • དོ་སྣང་ཆེ་བའི་རྩོམ།