མགྲིན་གླུ་སྙན་མོ་ཏང་ལ་འབུལ།

མཁས་གྲུབ།        2022-10-08

མགྲིན་གླུ་སྙན་མོ་ཏང་ལ་འབུལ།

ཤར་ཕྱོགས་གངས་དཀར་ལྷུན་པོའི་རྩེ་ནས།།

དྲོ་འཇམ་ཉི་མའི་ཟེར་བརྒྱ་སྤྲོ་ལྟར།།

ང་དྲུག་སྤུན་ཟླ་མི་རིགས་ཚོགས་ལ།།

ཏང་གི་ཐུགས་རྗེའི་དྲིན་གྱིས་བསྐྱངས་སོང་།།

མཐའ་མེད་ས་གཞི་གཤིན་པོའི་ཁྱོན་ལ།།

སྦྲང་ཆར་ཟིལ་མའི་བརླན་གྱིས་གཤེར་འདྲའི།།

ཀྲུང་ཧྭ་འཛིན་མའི་ལ་ལུང་ཀུན་ཏུ།།

བདེ་སྐྱིད་འཚོ་བའི་རྐྱེན་མང་བསྐྲུན་སོང་།།

སྔོ་ལྗང་གཡུ་ལོའི་འདབ་སྟོང་སྤྲོ་དང་།།

ཐིགས་པ་བསགས་པའི་དབྱར་མཚོ་རྒྱས་བཞིན།།

དཔལ་འབྱོར་འཕེལ་ཤུགས་མཐོ་རུ་འདེགས་པའི།།

འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཀུན་སྤེལ་ལོ།།

རྒྱལ་ཁམས་དར་ཞིང་རྒྱས་པའི་གཞི་རྩ།།

རིག་གནས་སློབ་གསོ་སྤེལ་བར་གཏུག་པས།།

སྨིན་ལེགས་འབྲས་ལྡན་ཁུར་གྱིས་ལྕི་འདྲའི།།

ཚན་རྩལ་རིག་པ་དགུང་ལ་བསྙེགས་སོ།།

དེ་ལྟར་ཏང་གི་མ་ནོར་ལམ་སྟོན།།

ཀུན་གསལ་སྒྲོན་མེའི་ངང་ཚུལ་བཟུང་སྟེ།།

དྲི་མེད་ཏང་གཤིས་བཟང་པོའི་རང་བཞིན།།

འཛམ་གླིང་འཛིན་མའི་རྒྱན་དུ་མངོན་ནོ།།

མིག་སྔར་མང་ཚོགས་འཚོ་བའི་བཅུད་དང་།།

རིག་གནས་སློབ་གསོ་དཔལ་འབྱོར་རིགས་ཀུན།།

ཏང་གི་བྱེད་ཕྱོགས་བཟང་པོའི་རྒྱུན་ལས།།

ཡར་ངོའི་འགྲོས་ལྟར་འཕེལ་ཞིང་རྒྱས་སོ།།

དེ་རིང་རྒྱལ་ཁབ་འཁྲུངས་པའི་ཉིན་མོར།།

བསྔགས་བརྗོད་ཚིག་གསུམ་གཏོར་བའི་མགྲིན་གླུ།།

སྙན་པའི་བུ་གར་བདུད་རྩི་འཕོ་འདྲའི།།

སྤྲོ་བ་སྟེར་པའི་ནུས་པ་མེད་ནའང་།།

རང་གཤིས་བཟང་པོའི་རྒྱུན་གྱི་ངོ་བོ།།

འགྱུར་མེད་བསྐལ་བརྒྱར་བརྟན་པར་སྨོན་ནོ།། 


  • ལེ་ཚན་སྔོན་མ།:རྫོགས་ལྡན་དུས་ལ་སྨོན་པའི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།