མཁས་གྲུབ་ཀྱིས་བསྒྱུར། 2022-10-01
འབོ་ཞབས་གྲོང་རྡལ་གྱི་དུད་ཚང106གི་གནོད་ཐེབས་གྲོང་མི312གཅིག་སྡུད་བཀོད་སྒྲིག་གི་གནས་སྐབས་སྡོད་ཁང་དུ་སྤོས་ནས་རྒྱལ་སྟོན་དུས་ཆེན་བསུ།
སྤྱི་ཟླ9པའི་ཚེས30ཉིན་གྱི་ཞོགས་པར་གསར་འགོད་པ་འབོ་ཞབས་གཅིག་སྡུད་བཀོད་སྒྲིག་གི་གནས་སྐབས་སྡོད་ཁང་གསར་པར་སླེབས་སྐབས། ཁང་པའི་རྩེ་ནས་དམར་མདངས་འཚེར་བའི་སྐར་ལྔའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། ཁང་པའི་མདུན་ན་སྡོད་ཁང་གསར་པའི་ནང་སྤོས་པར་བྲེལ་བའི་མང་ཚོགས་དང་། ཉིན20ལྷག་ལ་འབད་འཐབ་བྱེད་མཁན་གྱི་འཛུགས་སྐྲུན་པ། གཉིད་ཆག་ཟས་བརྗེད་ཀྱིས་མང་ཚོགས་ཀྱི་ལས་ལ་བྲེལ་བཞིན་པའི་རིམ་པ་ཁག་གི་ལས་བྱེད་པ་བཅས་མཉམ་དུ་འཛོམས་ནས་འབོ་ཞབས་གྲོང་རྡལ་གྱི་གནོད་ཐེབས་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་གསར་པ་རུ་སྤོས་པ་ལ་བྲེལ་བཞིན་པའི་སྒང་རེད།
དེ་སྔའི་ས་འགུལ་གྱིས་གཏོར་སྐྱོན་ཕོག་པའི་རྣམ་པ་དེ་དྲན་འཆར་དུ་གྱུར་པ་དང་། ད་ལྟའི་མིག་སྔར་གྱི་བརྟན་ལ་སྐྱོན་བྲལ་གྱི་གཅིག་སྡུད་བཀོད་སྒྲིག་གི་སྡོད་ཁང་གསར་པས་མང་ཚོགས་ལ་རེ་བ་གསར་པ་སྦྱིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འབོ་ཞབས་གཅིག་སྡུད་བཀོད་སྒྲིག་གི་གནས་སྐབས་སྡོད་ཁང་ལ་སྒོ་སྲུང་ཁང་དང་། མེ་ཟོན་བདེ་སྲུང་ལས་རེས་ཁང་། སྒོ་རྩིས་ཚོང་ཁང་། བྱེད་སྒོ་ཁང་། འཕྲོད་བསྟེན་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ལས་གྲུབ་པ་ཞིག་ཡིན་པ་དང་།དུད་ཚང106གི་མི312བཀོད་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་སྤྱི་པའི་གསང་སྤྱོད་ཁང་དང་གཟུགས་པོ་འཁྲུ་ས་དང་། སྤྱི་པའི་ཐབ་ཚང14དང་ཆུ་ལེན་ས། ཅ་དངོས་འཁྲུ་ས། ཉི་སྐམ་བྱེད་ས། གད་སྙིགས་བསྡུ་རུབ་བྱེད་ས་བཅས་ཡོད་པ་རེད།
གདན་ཐོག་གྲོང་རྡལ་གྱི་གནོད་ཐེབས་མང་ཚོགས877“སྡོད་ཁང་གསར་པ”རུ་སྤོས།
སྤྱི་ཟླ9ཚེས30ཉིན། ལྕགས་ཟམ་རྫོང་གི“གཞི་རྒྱ་ཆེ་ཤོས་དང་། འཛུགས་སྐྲུན་མགྱོགས་ཤོས། བྱེད་ནུས་ཚང་ཤོས”ཀྱི་གདན་ཐོག་གྲོང་རྡལ་གྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་གསར་པ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་བ་དང་ཞིབ་བཤེར་རྩིས་ལེན་ཐུབ་པར་མ་ཟད། གནོད་ཐེབས་དུད་ཚང228ཀྱི་མི877སྡོད་ཁང་གསར་པའི་ནང་སྤོས་ནས་དགའ་སྤྲོའི་ངང་རྒྱལ་སྟོན་དུས་ཆེན་བསུ་བ་རེད།
སྒམ་གཟུགས་ལྟར་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་གྲལ་སྟར་བསྒྲིགས་པའི་ཁང་པ་རེ་རེའི་སྟེང་ན་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། དེ་ན་གཅིག་སྡུད་ཀྱི་ཆུ་ལེན་ས་དང་། སྤྱི་པའི་གསང་སྤྱོད་ཁང་། གཟུགས་པོ་འཁྲུ་ས། ཅ་དངོས་འཁྲུ་ས། ཉི་སྐམ་བྱེད་ས། ཐབ་ཚང་། གད་སྙིགས་བསྡུ་རུབ་བྱེད་ས་བཅས་ཆ་ཚང་ཡོད་པ་རེད།
འབོ་ཞབས་གཅིག་སྡུག་བཀོད་སྒྲིག་བྱ་ཡུལ་དུ“ཐང་རའི་གསོལ་སྟོན”རྒྱ་ཆེར་བཤམས་ནས་ཏང་གི་བཀའ་དྲིན་དྲན་བཞིན་རྒྱལ་སྟོན་བསུ།
“ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོར་རོགས་རམ་བྱེད་མཁན་མི་སེམས་བཟང་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” སྤྱི་ཟླ9ཚེས30ཉིན་གྱི་ཕྱི་དྲོར། འབོ་ཞབས་གྲོང་རྡལ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་རང་འཐག་ཕུ་གྲོང་ཚོ་དང་། གསོམ་ཤིང་ཐང་གྲོང་ཚོ། རྫ་སྟེང་གྲོང་ཚོ། འཆམ་མཐུན་གྲོང་ཚོ། བེ་ཤིང་ཐང་གྲོང་ཚོ་བཅས་དང་། དེ་བཞིན་གྲོང་རྙིང་སྤྱི་ཁུལ་གྱི་གནོད་ཐེབས་མང་ཚོགས་བཅས་མི་བརྒྱ་ལྷག་མཉམ་དུ་འཛོམས་ནས“ཐང་རའི་གསོལ་སྟོན”གྱི་བྱེད་སྒོ་སྤེལ་ནས་རྒྱལ་སྟོན་བསུ་བ་དང་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུས་པ་རེད།
ཉིན་དེར་གནས་སྤོས་བྱས་མ་ཐག་པའི་དུད་ཚང106གི་གནོད་ཐེབས་མང་ཚོགས312ཀྱིས་རང་འགུལ་ངང་སྒྲིག་འཛུགས་བྱས་ནས“ཐང་རའི་གསོལ་སྟོན”བཤམས་ཤིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལྷན་འཛོམས་ཀྱིས་རྒྱལ་སྟོན་དུས་ཆེན་འཆར་ཉེ་ལ་རྟེན་འབྲེལ་ཞུ་བ་དང་། “སླད་ཕྱིན་ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་ཇེ་སྐྱིད་དུ་འགྲོ་ངེས་རེད”ཅེས་འབྱུང་འགྱུར་གྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཚང་མས་རེ་སྒུག་དང་ཡིད་ཆེས་ཀྱིས་ཁེངས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10