རྫོགས་ལྡན་དུས་ལ་སྨོན་པའི་གླུ།

གཞི་ཚང་ཟླ་བ་གྲགས་པ།        2022-10-08

ཆུང་དུས་ཆེ་འདོད་ཆེ་ཞིང་།།

ཆེ་དུས་ཆུང་འདོད་ཆེ་བ།།

ཀྱེ་མ་འཁོར་བའི་ལས་ཀྱིས།།

འུ་ཅག་དམ་ལ་བཏགས་སོང་།།

ལོ་ཆུང་བྱིས་པའི་དུས་ཀྱི།།

སྐྱིད་ལ་སྐྱིད་ཚོད་མི་འདུག།

རྩེད་ར་ཉི་མའི་གྲོང་ལ།།

དགོད་སྒྲའི་མཚོ་མོ་འཁྱིལ་ཡོད།།

ཆར་བས་བརླན་ཡང་མི་འགྱོད།།

ཁ་བས་གྲང་ཡང་མི་ཕྱིད།།

རྩེད་ཆས་ངན་ངོན་ཙམ་གྱིས།།

དུས་ཚོད་ག་ཟད་མི་ཤེས།།

དཔག་མེད་སྐྱེས་པའི་གསང་བ།།

སྔོན་གནས་རྗེས་སུ་མི་དྲན།།

ཡུལ་དུས་གཅིག་གིས་བསྡུས་པ།།

ཚེ་རབས་ལས་ཀྱི་བསོད་ནམས།།

ཟབ་མོའི་དཔེ་ཆ་མ་བལྟས།།

ཐོས་བསམ་སྒོམ་ལ་མ་འབད།།

ལྷན་སྐྱེས་བརྩེ་བའི་ཁ་དོག།

ཤུགས་འབྱུང་རིག་པས་ཤེས་ཨང་།།

བག་མེད་འཛེམ་ཟོན་མེད་པར།།

འཁྲབས་པའི་ཟློས་གར་དེ་དག།

དྲན་པའི་མེ་ལོང་ཤར་དུས།།

གཏིང་ནས་དགོད་སྙིང་བྲོ་ཡོང་།།

ནར་སོན་ཅི་བྱས་ལས་ལ།།

ཕྱི་ནང་གནོན་ཤུགས་ལྕི་དུས།།

ཁྱོས་ཀྱང་འདས་པའི་སྙིང་པོར།།

ཕྱིར་མིག་ཡང་ཡང་ཤོར་རམ།།

ཁྲོས་པའི་གཏུམ་ཚུལ་མི་མངོན།།

ཞལ་གྱི་འཛུམ་ཆུང་ཀྱིལ་ལེར།།

དཀྱིལ་འཁོར་རིགས་བརྒྱའི་ནང་གི།།

ཞི་བའི་གཙོ་ལྷ་ཁྱེད་ཡིན།།

མ་ངེས་གློ་བུར་རྐྱེན་གྱིས།།

དྲན་རིག་ཉམས་པ་མེད་ན།།

བག་ཆགས་ནང་གི་གསས་ཁང་།།

འབྱུང་བཞིས་བསྐྱད་དུ་མི་ཚུགས།།

བརྩེ་བའི་ཁང་ཆུང་བཤིག་ནས།།

མི་ལོ་བདུན་བརྒྱད་འགོར་སོང་།།

སྙིང་ལ་བཞེངས་པའི་རྡོ་རིང་།།

དུས་ཚོད་འགོར་གྱིན་ཇེ་མཛེས།།

ན་ཚོད་སྤྲོ་དགའི་མེ་ཏོག།

སད་དང་སེར་བས་བཅོམ་སོང་།།

ཚེ་རབས་ལས་ཀྱི་འཛོམས་ཆིངས།།

ལོ་དང་ཟླ་བས་བརླགས་སོང་།།

ད་ནི་སེམས་ཀྱི་ནམ་མཁར།།

ཚུལ་འཆོས་སྤྲིན་ནག་འཁྲིགས་བྱུང་།།

སྤྲིན་པའི་རྒྱབ་ཀྱི་ཉི་འོད།།

རྨི་ལམ་ནང་ནས་འདེ་དགོས།།

ད་ནི་བྱིས་དུས་མ་གསུང་།།

སྡེ་ཆེན་རྩེད་ར་མ་གླེང་།།

བྱང་ཁོག་སྟོད་ཀྱི་རི་ལ།།

སྨུག་པ་ལང་ལོང་འཐིབས་ཡོང་།།

འཚོ་བའི་ཁུར་པོ་ལྕི་མོས།།

ཏང་གི་བཀའ་དྲིན་བརྟེན་ནས།།

འཚོ་བ་བདེ་ཞིང་སྐྱིད་པ།།

རྫོགས་ལྡན་དུས་འདི་ཤར་བྱུང་།།

ལས་ཀྱིས་བསྐོས་པའི་ཞིང་དུ།།

ཁྱོད་ཀྱང་བཀྲ་ཤིས་བདེ་ལེགས།།

ང་ཡང་བཀྲ་ཤིས་བདེ་ལེགས།།

ཐམས་ཅད་བཀྲ་ཤིས་བདེ་ལེགས།།



  • ལེ་ཚན་སྔོན་མ།:ངག་གི་ཟླ་བ།
  • ལེ་ཚན་རྗེས་མ།:མགྲིན་གླུ་སྙན་མོ་ཏང་ལ་འབུལ།