ཁུལ་ཨུས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་དགོངས་པ་སློབ་སྦྱོང་བྱས།

ཐུབ་ཀྱིས་བསྒྱུར།        2022-09-30

ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་གཅིག་སྡུད་སློབ་སྦྱོང་བྱས་ཏེ།《ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས། 

    སྤྱི་ཟླ9ཚེས28ཉིན། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང་(རྒྱས་འཛོམས)ཚོགས་འདུ་འཚོགས་ཏེ།《 ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་དང་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་ཁོང་དུ་གཏིང་ཟབ་ཆུད་པ་དང་།“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

    ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མི་ཧྥུང་ཧྥ་ཀུའེ་དང་། ཧྲི་ཀང་། ཆིའུ་ཞའོ་ཉིང་། ཅིན་ཝུའུ་བཅས་ཀྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཕྱུག་འབྱོར་ཡོང་བ། དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ལ་དམིགས་ནས་སློབ་སྦྱོང་གི་མྱོང་ཚོར་དང་ལག་བསྟར་དོན་འཁྱོལ་བྱེད་ཐབས་སྤེལ་རེས་བྱས་པ་རེད།

  ཚང་མས《ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ་》ཞེས་པའི་དེབ་བཞི་པ་དང་དེབ་སྔོན་མ་གསུམ་གཅིག་རྒྱུན་གཅིག་འཛིན་དང་གཅིག་གྱུར་དམ་ཚགས་ཡིན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གྲུབ་པ་དང་འཕེལ་རྒྱས་བྱུང་བར་མ་ཟད་རིམ་བཞིན་འཐུས་ཚང་དུ་གཏོང་བའི་གཞི་རྩའི་གོ་རིམ་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་རམ་འདེགས་བྱས་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་གསུང་རྩོམ་དབང་གྲགས་ལྡན་པ་ཞིག་རེད་ཅེས་ངོས་འཛིན་བྱས། ཚང་མས་དོན་སྙིང་གལ་ཆེན་ལ་མུ་མཐུད་དེ་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལངས་ཕྱོགས་ལྟ་བ་དང་བྱ་ཐབས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། སྦྱངས་ནས་བྱང་ཆུབ་པ་དང་དོན་ལ་གནས་གང་ཐུབ་བྱས་ཏེ་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བསྒྱུར་རྒྱུ་ཡིན་ཞེས་བཤད་པ་རེད།

   ཧྲེན་དབྱང་གིས་བསྟན་དོན། རིགས་པའི་གཞུང་ལུགས་སློབ་སྦྱོང་གསར་གཏོད་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་ཆེ་རུ་གཏང་དགོས། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲོག་ཤིང་ལ་བརྩི་སྲུང་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆབ་སྲིད་ཀྱི་མིག་རྒྱང་ཡངས་ཤིང་རྒྱ་ཆེ་བ་དང་། སྲིད་སྐྱོང་གི་བློ་གྲོས་ཆེན་མོ། དམངས་ལ་འཆང་བའི་བརྩེ་སེམས་ཟབ་མོ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་བསམ་བློ་དང་བྱ་སྤྱོད་བློ་བརྟན་འགྱུར་མེད་ངང་“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”བྱེད་ཐུབ་པའི་ཐོག་ལ་དམ་པོར་དམིགས་ཐུབ་པ་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བསམ་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ཏེ། རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་གྱི་སྒོ་ནས་བསམ་བློའི་ཐད་གཅིག་གྱུར་དང་། ཆབ་སྲིད་ཐད་བརྟན་པོ། བྱ་སྤྱོད་ཐད་རང་རྟོགས་བཅས་ཡོང་བ་སྲུང་འཛིན་བྱ་དགོས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བདེན་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས། བསམ་ཕྱོགས་གསར་པ་དང་། བསམ་གཞིག་གསར་པ། གྲུབ་འབྲས་གསར་པ་བཅས་ཧུར་ཐག་སྦྱངས་ནས་རྒྱལ་ཁབ་ཀྱི་ཇུས་ཆེན་དང་དོན་ཆེན་དང་ཞིང་ཆེན་གྱི་ཇུས་ཆེན་ལ་གདེང་ཚོད་ཡོད་པ་དང་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱ་དགོས།

   ཧྲེན་དབྱང་གིས་སྦྱོང་སྤྱོད་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཆབ་སྲིད་ཀྱི་རྟོགས་པ་ཆེ་རུ་གཏང་དགོས། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་མགྱོགས་སུ་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཞིང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་ངེས་ཤུགས་ལ་སྣང་ཆེན་བྱས་ནས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱས་ཏེ་ནུས་རྒྱུ་གཙང་མ་དང་། ཁྱད་ཆོས་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་བཅས“དོན་ཆེན་གསུམ”ཡག་པོ་སྒྲུབ་པ་དང་། མ་དངུལ་འཇོག་འཇོག་པའི་བར་ཁོངས་རྒྱ་ཆེར་གཏོང་བ། དཀའ་ངལ་བསལ་རྒྱུའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་དུས་ཚིགས་བཞི་པར་ཐག་གཅོད་དམག་འཐབ་ཉིན་བརྒྱ་བརྒྱབ་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་དགོས། ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་གཞོལ་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དེ་ཡུལ་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཀྱི་ཞན་ཆ་གསབ་པ། “9·5”ཡི་ལྕགས་ཟམ་ས་འགུལ་གྱི་གནོད་རྗེས་ཉམས་གསོ་བསྐྱར་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་ཐུན་མོང་ཐོག་ཕྱུག་འབྱོར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པར་སྐྱེ་ཁམས་ཁོར་ཡུག་སྲུང་བ་དང་། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་གཏན་ཁེལ་བྱས་པར་གཞི་ཚུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐཱན་སྙོམས་འགྱུར་དང་ཐཱན་ཚད་ལོན་ལ་བྱས་རྗེས་ཧུར་ཐག་འབུལ་བ་བཅས་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་སྲ་བརྟན་དུ་གཏང་དགོས།

    ཧྲེན་དབྱང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱད་དེ་ཆབ་སྲིད་ཀྱི་ལག་བསྟར་ནུས་པ་ཆེ་རུ་གཏང་དགོས། ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་བྱེད་པའི་ཐད་ཤུགས་རྒྱག་པ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་རྟོགས་བྱེད་ཅིང་། ལོ་རྒྱུས་ཀྱི་འཕོ་འགྱུར་གོ་སྐབས་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ་དུས་བབ་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏང་རྒྱུའི་ཐད་ཤུགས་རྒྱག་པ་དང་། འཐབ་རྩོད་ཀྱི་བློ་སྟོབས་བརྟན་དུ་གཏོང་ཞིང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་ཚོད་བགམ་དང་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་བརྟན་པོ་གཅོག་པ་བཅས་བྱ་དགོས། རང་གིས་རང་ལ་གསར་བརྗེ་བྱེད་ཕོད་པའི་ཐད་འབད་བརྩོན་བྱས་ཏེ་བསམ་གཞི་གཙོ་བོ་མཐའ་འཁྱོངས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས“སྤྱོད་ཚུལ་བཞི”བཅོས་སྒྲིག་རྒྱུན་མི་ཆད་པ་བྱེད་པ་དང་།“ངོ་གཉིས་མ”དང“མགོ་གཉིས་མ”ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་ཅིང་། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་གཙང་ལུགས་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ བསྐྲུན་ཏེ། དཀར་མཛེས་ཁུལ་དུ་ཡོད་པའི་ཏང་གི་མཁར་རྫོང་འཛུགས་སྐྲུན་དེ་བས་བརྟན་ལ་སྟོབས་དང་ལྡན་པ་ཞིག་ཡོང་བ་བྱ་དགོས།

   ཧྲེན་དབྱང་གིས《ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པར་བསུ་བ་ཞུ་རྒྱུ་ནི་ད་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུའི(ཏང་ཚན་ཁག)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་སློབ་སྦྱོང་འཆར་གཞིའི་ནང་གཞག་དགོས་པ་དང་།  རིམ་ཁག་ཏང་གི་སློབ་གྲྭ་དང་ལས་བྱེད་པའི་སློབ་གླིང་གིས་གསོ་སྦྱོང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ནང་གཞག་དགོས། ཁུལ་དང་རྫོང་གིས་ཚོ་ཁག་བགོས་ནས་སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱ་དགོས། རིམ་ཁག་མགོ་ཁྲིད་ལས་བྱེད་པས་ སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་བསམ་གཞིག་དང་། རྩོད་སྒྲུབ་ཀྱི་བསམ་གཞིག། རྒྱུད་རིམ་ལྡན་པའི་བསམ་གཞིག་བཅས་བཅངས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་ཁྲོད་ནས་བསམ་བློའི་སྟོབས་ཤུགས་བརྗིད་ཆེན་བསྡུས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་གཞག་རྒྱུར་དཔེ་སྟོན་དང་སྣེ་ཁྲིད་བྱ་དགོས།

     ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མི་དང་འབྲེལ་ཡོད་ཁུལ་མགོ་ཁྲིད་སློབ་སྦྱོང་ནང་ཞུགས་པ་རེད།



  • ལེ་ཚན་སྔོན་མ།:ནམ་ཡང་བརྗེད་མི་སྲིད། མི་དམངས་དཔའ་བོ་མི་ནུབ་ཡུན་དུ་གནས།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་སྟོང་ཝ་ཁྲི150ཡི་འོད་ཤུགས་ལས་གཞི་ལས་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།