སྲིད་གཞུང་ལས་དོན་སྙན་སེང་ཉིང་བསྡུས་མ།

སྐལ་ཐུབ་ཀྱིས་བསྒྱུར།        2023-03-08

  སྲིད་གཞུང་ལས་དོན་སྙན་སེང་ཉིང་བསྡུས་མ།

   སྤྱི་ཟླ3ཚེས5ཉིན་ལ་ཙུང་ལི་ལི་ཁེ་ཆང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོར་སྲིད་གཞུང་ལས་དོན་སྙན་སེང་གནང་ཞིང་། ནང་དོན་ཉིང་བསྡུས་གཤམ་གསལ།

གཅིག། འདས་པའི་ལོ་གཅིག་དང་ལོ་ལྔའི་རིང་གི་ལས་དོན་ལ་ཕྱི་མིག་བལྟས་པ། 

འདས་པའི་ལོ་གཅིག་གི་རིང་ལ། 

ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ3འཕར་ཡོད།

ལོ་ཧྲིལ་པོར་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་སྒོར་དུང་ཕྱུར་ཁྲི2.4ལས་བརྒལ་ཡོད།

དབུལ་ཐར་མི་འབོར་གྱི་ལས་གཉེར་གཞི་ཁྱོན་མི་ཁྲི3200ལྷག་ལ་ཟིན་ཡོད།

འདས་པའི་ལོ་ལྔའི་རིང་ལ། 

རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི121ལ་འཕར་བ་དང་། ལོ་ལྔའི་ནང་ལོ་རེར་ཆ་སྙོམས་བརྒྱ་ཆ5.2འཕར་ཡོད། 

འབྲུ་རིགས་ཐོན་འབབ་ལོ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.3ཡན་བརྟན་པོ་གནས་ཐུབ་ཡོད།

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་ཚད་ལོ་རེར་ཆ་སྙོམས་མི་ཁྲི1270ལྷག་ལ་ཟིན་ཡོད།

ལོ་བརྒྱད་རིང་འབད་བརྩོན་རྒྱུན་འཁྱོངས་ནས་གྲོང་སྡེའི་མི་འབོར་དབུལ་པོ་དུང་ཕྱུར1ལ་ཉེ་བ་དབུལ་ཐར་ཐུབ་ཡོད།

གཉིས། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ། 

རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ5ཡས་མས་འཕར་བར་བྱ་དགོས། 

གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི1200ཡས་མས་གསར་དུ་ལས་ཞུགས་ཐུབ་དགོས།

གཞིས་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ3ཡས་མས་ལ་ཟིན་ཐུབ་དགོས།

འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་སྲུང་འཛིན་ཐུབ་དགོས།

གསུམ། ད་ལོའི་སྲིད་གཞུང་ལས་དོན་སྐོར་གྱི་གྲོས་འགོ། 

ནོར་སྲིད། ནོར་སྲིད་སྲིད་ཇུས་དགེ་མཚན་ལྡན་པ་ལ་ཤུགས་བཏོན་ནས་ཕན་འབྲས་ཐོན་ཐབས་བྱ་དགོས། ཆད་གྲངས་མཚལ་ཡིག་གི་བསྡུར་ཚད་བརྒྱ་ཆ3ལྟར་བཀོད་སྒྲིག་བྱ་རྩིས་ཡོད། 

ཁྲལ་གྲོན་ལྟ་སྐྱོང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲལ་འཕྲི་གྲོན་གཅོག་དང་ཁྲལ་སློག་ཁྲལ་འགྱངས་སོགས་ཀྱི་བྱེད་ཐབས་རྒྱུན་མཐུད་དགོས་རིགས་རྒྱུན་མཐུད་པ་དང་ལེགས་སུ་གཏང་དགོས་རིགས་ལེགས་སུ་གཏང་དགོས།

ལས་ཞུགས། གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་བསྐུལ་བ་དེ་བས་མངོན་གསལ་དོད་པའི་གནས་སུ་གཞག་དགོས།

རིམས་ཚུལ་འགོག་ཟོན། རིམས་འགོག་སྨན་ཁབ་རིམ་འཇུག་རིམ་སྤོར་དང་སྨན་གསར་པ་བཟོ་བར་བསྐུལ་ནས་མང་ཚོགས་ཀྱི་སྨན་བསྟེན་དགོས་མཁོར་འགན་ལེན་ཏན་ཏིག་བྱ་དགོས།

འཛད་སྤྱོད། འཛད་སྤྱོད་ཆེ་རིགས་བརྟན་པོ་ཡོང་བ་དང་། འཚོ་བའི་ཞབས་ཞུའི་འཛད་སྤྱོད་སླར་གསོ་ཡོང་བར་བསྐུལ་དགོས།

སྲིད་གཞུང་གི་མ་འཇོག། འདི་ལོ་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི3.8བཀོད་སྒྲིག་བྱ་རྩིས་ཡོད།

བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འབྲེལ་ཐག།  ཐོན་ཁུངས་སྤུས་ལེགས་གཅིག་ཏུ་བསྡུས་ཤིང་ཤུགས་མཉམ་དུ་བཏོན་ནས་འགག་རྩའི་སྲོག་ཤིང་ལག་རྩལ་གྱི་འགག་ལས་བསྒྲལ་ཐུབ་དགོས།

ཨང་ཀི་དཔལ་འབྱོར། ལྟ་སྐུལ་རྒྱུན་རྣམ་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་ཞིང་། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས།

དམངས་གཉེར་དཔལ་འབྱོར། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་དང་། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས།

ཕྱི་ཕྱོགས་མ་དངུལ་ནང་འདྲེན། ཕྱི་ཕྱོགས་མ་དངུལ་མཚོན་རྟགས་རང་བཞིན་གྱི་ལས་གཞི་དོན་ལ་འཁྱོལ་བར་བསྐུལ་དགོས།

དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཚབས་ཆེན་འགོག་སེལ། སྤུས་ལེགས་མགོ་ཁང་དང་ཁེ་ལས་ཀྱི་ཉེན་ཁ་ཕན་ནུས་ལྡན་པར་འགོག་སེལ་བྱས་ཏེ་རྒྱུ་ནོར་བུན་ཟུག་གི་གནས་ཚུལ་ལེགས་པར་བཅོས་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་སེལ་དང་། བུ་ལོན་གྱི་དུས་བཀག་གྲུབ་ཚུལ་ལེགས་སུ་གཏང་དགོས།

ཡུལ་སྡེ་དར་རྒྱས། ཡུལ་སྡེའི་ཁྱད་ཆོས་ཐོན་ལས་སྤེལ་ནས་ཞིང་པའི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏང་དགོས།

འབྱུང་ཁམས་ལ་འཕྲོད་པའི་སྒྱུར་ཤུགས། གཙོ་གནད་ཁྱབ་ཁོངས་སུ་ནུས་བསྲི་ཐཱན་ཉུང་བྱེད་པ་དང་། གནམ་སྔོན་མོ་དང་ཆུ་དྭངས་མ། ས་གཙང་ཡོང་བ་མ་མུ་མཐུད་དེ་ཡག་པོ་བསྲུང་དགོས།

སྡོད་ཁང་། དགོས་ངེས་དང་ལེགས་སུ་བཅོས་དགོས་པའི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་དང་། གྲོང་ཁྱེར་པ་གསར་པ་དང་གཞོན་ནུ་སོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས།

སློབ་གསོ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་དང་གྲོང་ཡུལ་གཞི་གཅིག་ཅན་ལ་སྐུལ་འདེད་གཏང་དགོས།

སྨན་བཅོས། སྨན་བཅོས་ཐོན་ཁུངས་སྤུས་ལེགས་རྒྱ་ཆེར་གཏོང་ཞིང་གཞི་རིམ་ལ་ཕྱོགས་པ་དང་ས་ཁོངས་སུ་དོ་སྙོམས་བཀོད་སྒྲིག་བྱ་དགོས།

སྤྱི་ཚོགས་འགན་སྲུང་། རྒན་གསོའི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་དང་། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏང་དགོས།

ཞང་ཀང་དང་ཨའོ་མོན་གྱི་འཕེལ་རྒྱས། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏང་བར་རྒྱབ་སྐྱོར་བྱ་རྒྱུ།

ཐའེ་ཝན་གནད་དོན། བློ་བརྟན་འགྱུར་མེད་ངང“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་ཞིང་མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་འཕེལ་རིམ་མདུན་དུ་བསྐུལ་དགོས།


  • ལེ་ཚན་སྔོན་མ།:འདི་ལོར་ཆེད་དོན་ཨུ་ཡོན་ལྷན་ཁང་བཅུ་གསར་དུ་བཙུགས་ཡོད།
  • ལེ་ཚན་རྗེས་མ།:《ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་དོན་ཆེན་ཟིན་ཐོ》དབྱིན་ཡིག་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།