བུད་མེད་མེ་ཏོག་བཞིན་དུ་མཚར། ལང་ཚོའི་བཀྲག་མདངས་རབ་ཏུ་འཚེར།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2023-03-09

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་བུད་མེད་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།


བུད་མེད་མེ་ཏོག་བཞིན་དུ་མཚར། ལང་ཚོའི་བཀྲག་མདངས་རབ་ཏུ་འཚེར།

“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་འཆར་ཉེའི་མཚམས་འདིར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་རང་ལྗོངས་ཀྱི་བུད་མེད་འཐུས་མི་ཚོས་ལས་བྲེལ་ཁྲོད་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།

འདི་ནི་བུད་མེད་འཐུས་མི་ཚོས་ཕན་ཚུན་དབར་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཤིང་། ཁོང་ཚོས་གངས་ལྗོངས་ས་མཐོའི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ནས་ཚོགས་འདུར་ནན་ཏན་ངང་ཞུགས་པ་མ་ཟད། འཐུས་མིའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཡག་པོ་བསྒྲུབ་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ།

ལོ་བཅུ་ལྷག་ཙམ་རིང་། རང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་གཙོ་རྐང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། བུད་མེད་ལ་ཁྲིད་སྟོན་དང་། ཞབས་ཞུ། འབྲེལ་གཏུག་བཅས་བྱེད་པའི་རྩ་བའི་ལས་འགན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་པ་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བོད་ཀྱི་བུད་མེད་བྱ་གཞག་གི་ལེའུ་གསར་པ་བརྩམས་ཡོད།

སྒྱུར་བཅོས་གསར་གཏོད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔར་བས་གནད་སྨིན་ཡོང་བར་ཞབས་འདེགས་ཞུས་པ།

—— བསམ་བློའི་ཁྲིད་སྟོན་ལ་དམིགས་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་ཀྱི་བསམ་བློའི་ཁྲིད་སྟོན་ལས་དོན་སྒྱུར་བཅོས་གསར་གཏོད་བྱས་པ་དང་། རང་ལྗོངས་ཀྱིས་དྲ་ཐོག་དང་དྲ་ཕྱིར“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་ཏུ་གཏོད”ཅེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་བ་དང་། རིགས་ཁག་གི་བུད་མེད་ཀྱི་སྔོན་ཐོན་དཔེ་མཚོན་འདེམས་འཛུགས་དང་དྲིལ་བསྒྲགས་ཤུགས་ཆེན་བྱས་པ། བུད་མེད་དང་བྱིས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་བཙུགས་པ། 《བོད་ཀྱི་བུད་མེད》དང《ཕ་ལྷའི་གཡོག་མོའི་སྔ་དེང་འཚོ་བ》སོགས་པར་དེབ་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པའི་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཡོད།

—— འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ལ་དམིགས་ནས། རྒྱ་ཆེའི་བུད་མེད་རྣམས་གྲོང་གསེབ་དར་རྒྱས་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཞུགས་པར་སྐུལ་ཁྲིད་བྱས་ཤིང་། ཁྱད་ལྡན་ཞིང་ལས་ཐོན་རྫས་དང་མི་རིགས་ལག་ཤེས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་དམིགས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དང་ལེན་ཧུར་ཐག་ཞུ་བ། མཐའ་འཁོར་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། བུད་མེད་ཁེ་ལས་མཁས་ཅན་སྒྲིག་འཛུགས་བྱས་ནས་ནེ་པ་ལར་འཚམས་འདྲིར་སྐྱོད་པ་བཅས་བྱས་ཏེ། རྒྱལ་སྤྱིའི་འགྲོ་འོང་ལ་བརྟེན་ནས་ཀྲུང་གོའི་བོད་ཀྱི་བུད་མེད་ཀྱི་ངོ་མཚར་གཏམ་རྒྱུད་ཡག་པོ་གླེང་ཡོད། “ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་བྱང་ཚད་མཐོར་གཏོང་འཆར་གཞིར”སྐུལ་འདེད་བརྟན་པོ་གཏོང་བ་དང་། གསོ་སྦྱོང་མ་དངུལ་མཐུན་སྦྱོར་དང་དོན་འཁྱོལ་ཧུར་ཐག་བྱེད་པ། ཡུལ་བབ་དང་བསྟུན་ནས་དྲ་ཐོག་ཚོང་དོན་ཐད་གཏོང་དང་གསར་གཏོད་ལས་གཏོད་སོགས་ཀྱི་གསོ་སྦྱོང་རབ་དང་རིམ་པ་བྱེད་པ། བུད་མེད་སློབ་ཆེན་སློབ་མ་དང་བུད་མེད་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཡོད།

—— “སྣང་ཆེན་གསུམ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་དེ་བས་གསོན་ཤུགས་འཕེལ་བར་བྱས་ཤིང་། རང་ལྗོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱི་འདོམས་སུ་བྱེད་པ་དང“ཁྱིམ་ཚང་གི་བདེ་སྐྱིད་ཁམས་བཟང་འདུ་འགོད”དམ་འཛིན་བྱ་གཞིར་བྱས་ནས། ཁྱིམ་ཚང་སློབ་གསོ་གསར་གཏོད་ཀྱི་ལག་ལེན་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་སྤེལ་བ། ཁྱིམ་སྲོལ་བཟང་པོ་དར་སྤེལ་གཏོང་བ། དམངས་སྲོལ་བཟང་པོ་གསོ་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་སྤྱོད་ཚུལ་བཟང་པོར་སྐུལ་འདེད་གཏོང་བ། སྲིད་སྲོལ་བཟང་པོ་གཏོད་པ་བཅས་བྱས་ཏེ་བུད་མེད་ཀྱི་ཡ་རབས་བཟང་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཤེས་དཔལ་ལ་སྐུལ་འདེད་བཏང་ཡོད།

གཡུར་ཟའི་གྲུབ་འབྲས་ཐོབ་ནས། བུད་མེད་ཀྱི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།

—— བདེ་ཐང་དང་བདེ་སྐྱིད་ལས་རྒྱ་ཆེའི་བུད་མེད་ལ་ཕན་པ་ཐོབ་ཅིང་། 2021ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་སྦྲུམ་མ་འཆི་ཚད་དང་ཕྲུ་གུ་དམར་འབྱར་འཆི་ཚད་45.5/ཁྲི་10དང་7.5‰བར་སོ་སོར་ཆག་པ་དང་། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་98.04%བར་མཐོ་རུ་ཕྱིན་པ། རིམ་རྩིས་བྱས་ན་བུད་མེད་མི་ཐེངས་ཁྲི་40ཙམ་ལ“འབྲས་སྐྲན་གཉིས”གྲལ་བཤེར་བྱས་ཡོད།

—— བུད་མེད་དང་བྱིས་པར་སློབ་གསོ་ཐོབ་པའི་ལོ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། 2020ལོར། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3195ལ་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི་88.92ཟིན་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95.03%ཟིན་པ། འོས་འགན་སློབ་གསོའི་སློབ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་སྐབས་བསྟུན་གཙང་བཟོ་བྱས་པ། ལྗོངས་ཡོངས་ཀྱི་ལོ་ན་གཙོ་བོའི་མི་འབོར་ལ་སློབ་གསོ་ཐོབ་པའི་ལོ་ཚད་ལོ་10.2ཟིན་ནས་བུད་མེད་ཚུད་པའི་ལྗོངས་ཡོངས་ཀྱི་མི་འབོར་གྱི་རིག་གནས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

—— བུད་མེད་རྣམས་ཇུས་ཐག་གཅོད་པར་སྔར་བས་རྒྱ་ཁྱབ་ཞུགས་ཏེ་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཤིང་། རིམ་ཁག་ཏང་གི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་ཀྱི་བུད་མེད་ཀྱི་བསྡུར་གྲངས་སྐབས་གོང་མ་ལས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི་བུད་མེད་ཀྱི་སྲིད་ཞུགས་སྲིད་གླེང་གི་འདུ་ཤེས་ཟབ་ཏུ་དང་སྤྲོ་སེམས་མངོན་གསལ་དོད་པོས་འཕེལ་ཡོད།

—— བུད་མེད་ཀྱི་སྤྱི་ཚོགས་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཞིང་། 2021ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལ་ཞུགས་མཁན་བུད་མེད་ཁྲི་92.63དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་བུད་མེད་ཁྲི་20.1 ལས་ཤོར་འགན་བཅོལ་ལ་ཞུགས་མཁན་བུད་མེད་ཁྲི་14.8 ལས་རྨས་འགན་བཅོལ་ལ་ཞུགས་མཁན་བུད་མེད་ཁྲི་18.9བཅས་ཟིན་ཡོད།

འབད་བརྩོན་ལྷོད་མེད་བྱས་ནས། འཛུགས་སྐྲུན་པ་དང་། དར་སྤེལ་བ། འབད་འཐབ་པ་བཅས་ཧུར་ཐག་བྱེད་པ།

ཟླ་3ཚེས་1ཉིན། 2023ལོའི་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་སི་ཕེན་གྱི་པོ་དབྱི་ཐའོ་རུ་མུ་མཐུད་བྱས་ཤིང་། རྒྱལ་ཁབ་རུ་ཁག་གི་རུ་མི་རང་ལྗོངས་ཀྱི་ལུས་རྩལ་པ་གཡུ་སྒྲོན་ལྷ་མོར་བུད་མེད་ཚོགས་ཆུང་གི་U20བར་ཐག་ཐུང་བའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་ནས། ཀྲུང་གོའི་རུ་ཁག་ལ་གངས་ཤུད་རི་འཛེག་གི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ལོ་རྒྱུས་ཐོག་གི་གསེར་གྱི་རྟགས་མ་ཐོག་མ་ཐོབ་ཏེ། འཛམ་གླིང་ལ་ཀྲུང་གོའི་བུད་མེད་ཀྱི“རང་བཀུར་དང་། རང་རྟོན། རང་ཚུགས། རང་དར”བཅས་ཀྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།

“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་། ཕ་སངས་རྒྱས་ཆོས་པའི་ཤུགས་རྐྱེན་དང་སྣེ་ཁྲིད་འོག ལོ་བཅུ་ཕྲག་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་བསྲུངས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“དཀའ་སྡུག་ཇི་ལྟར་ཆེ་ཡང་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱེད་པའི”དམ་བཅའ་ནན་པོ་ལག་བསྟར་བྱས་ཏེ་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དུས་རབས་ཀྱི་བསྟོད་གླུ་བརྩམས་ཡོད།

2013ལོར་ཀྲུང་གོའི་མི་སེམས་འགུལ་བའི་མི་སྣ་བཅུའི་བྱ་དགའ་སྤྲོད་ཡུལ་དུ་བོད་ལྗོངས་མེ་ཏོག་རྫོང་སྤང་ཞིང་ཤང་སློབ་ཆུང་གི་དགེ་རྒན་སྐལ་བཟང་བདེ་སྐྱིད་བྱ་དགའ་ལེན་པར་སླེབས་ཡོད། ལོ་མང་བརྟན་སྲུང་བརྒྱུད་སྐལ་བཟང་བདེ་སྐྱིད་ཀྱིས་བོད་ཀྱི་ས་ཕྱོགས་གང་སར་དྲོ་སྐྱིད་དང་རེ་བ་སྦྱིན་ཞིང་། ཁོང་གི་ཁྲིད་སྟོན་འོག་ཕྲུ་གུ་དེ་བས་མང་བ་སློབ་འབྲིང་དང་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད་ལ། ཁྱིམ་བདག་ཚོའི་ལྟ་བར་ཡང་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད།

  • ལེ་ཚན་སྔོན་མ།:《ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་དོན་ཆེན་ཟིན་ཐོ》དབྱིན་ཡིག་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ནས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་་་
  • དོ་སྣང་ཆེ་བའི་རྩོམ།