སྐྱ་རེངས་བསུ་བའི་ཉི་གཞོན།(4)

མིག་དམར་གྱིས།        2012-04-23


སློབ་གྲྭ་གྲོལ་དུས་རང་མོས་ཀྱིས་བོད་ཀྱི་བཟོ་པ་ཊ་སོགས་ལ་སློབ་སྦྱོང་ཚད་མེད་བྱས་ཏེ་ཉིན་ནས་ཟླ་དང་ཟླ་ནས་ལོ་བཞིན་དུས་ཚོད་ནི་སྐར་མདའ་འཕངས་པ་བཞིན་མིག་རྡེབ་བཙུམ་གྱི་བར་ན་ལོ་གསུམ་གྱི་སློབ་སྦྱོང་གི་འཚོ་བའི་མཇུག་བསྒྲིལ་ལ་ཉེ། སློབ་མ་སོ་སོ་རང་རང་གི་ཕ་ཡུལ་དུ་ལོག་གྲབས་བྱེད་དུས་ཁོས་མུ་མཐུད་ནས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་པ་རེད། མི་ལ་སྙིང་རུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གླིང་ན་མེད་ཅེས་པ་བཞིན་ཁོ་ལ་བསམ་དོན་ཡིད་བཞིན་དུ་གྲུབ་ཏེ་མུ་མཐུད་ནས་སློབ་སྦྱོང་བྱེད་པའི་གོ་སྐབས་རྙེད། ཁོས་སྔར་བཞིན་ངང་རྒྱུད་བསྲིངས་ཞིང་འབད་བརྩོན་བྱས་པས་སྦྱངས་འབྲས་ཀྱང་དབྱར་མཚོ་རྒྱས་པ་བཞིན་ཡར་ཐོན་ཆེན་པོ་སོང་། ཁོ་ལ་དུས་ཚོད་སྐར་ཆ་ཙམ་ཞིག་ཡོད་ནའང་དེང་རབས་གྱི་ཚན་རིག་དང་སྲོལ་རྒྱུན་གྱི་བཟོ་པ་ཊ་གཉིས་ཟུང་འཇུག་བྱས་ཏེ་སློབ་སྦྱོང་དང་ཞིབ་འཇུག་བྱས་མཐར་གཞི་ནས་ལོ་རྒྱུས་ཀྱི་ཟེར་སྒྲོས་སུ་གྱུར་པའི་མི་མ་ཡིན་གྱི་ཅ་ལག་སྟེ་གཟི་ཞེས་གྲགས་པ་དེ་ཁོ་པས་གསར་དུ་བཏོད་མོད། མི་རྣམས་ཀྱིས་ཁོས་མི་ལ་མགོ་བསྐོར་བཏང་བའི་ནད་རྙིང་ཡང་བསྐྱར་བསློངས་འདུག་ཅེས་བཞད་གད་དང་འཕྱ་དམོད་བྱས་ཀྱང་། ཁོ་པས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་མི་མ་ཡིན་གྱི་དངོས་པོ་གཟི་སོགས་རེ་རེ་བཞིན་མི་རྣམས་ཀྱི་མིག་ལམ་དུ་རང་ཉིད་ཀྱིས་ལག་ཟུང་དང་བློ་གྲོས་ལ་བརྟེན་ནས་གསར་དུ་བཏོད་པས་ཐམས་ཅད་ཧ་སངས་ཏེ་མི་འདི་མི་མ་ཡིན་ཞིག་མ་ཡིན་ནམ་ཞེས་དོགས་སློང་བསྐྱེད། སྐབས་དེར་ཁོས་ཅ་ལག་འདི་དག་སྔོན་རབས་བོད་རང་ཉིད་ཀྱིས་བསྐྲུན་པ་ཞིག་ཡིན་པ་ལས་མི་མ་ཡིན་སོགས་ཀྱིས་ལས་པ་ཞིག་གང་ན་ཡིན། ང་ཚོས་རང་ཉིད་ལ་ཁས་མི་ལེན་ཞིང་ངོ་མཚར་བ་དང་ཁྱད་དུ་འཕགས་པ་རྣམས་གཞན་གྱིས་བསྐྲུན་པའི་ངོས་འཛིན་བྱས་པ་ནི་ནོར་འཁྲུལ་ཡིན་ཏེ། ཁྱོད་ཚོ་ལྟོས་དང་ང་ཚོར་འཛམ་བུ་གླིང་གི་སྔོན་ཐོན་ལ་གནས་པའི་རིག་གནསདང་ཚན་རིག་གི་རྗེས་ལ་མི་ཆོད་པའི་ནང་ཆོས། ད་དུང་བློ་དང་རིག་པ་སོགས་རང་ལ་ཡིད་ཆེས་དང་སྤོབས་པ་མེད་པས་མ་གཏོགས་འཛམ་བུ་གླིང་གི་སྔོན་ཐོན་གྱི་མི་རིགས་གྲལ་དུ་སྔར་ནས་ཚུད་ཟིན་ཡོད་ཤག་རེད་ཅེས་བཤད། ངོ་མ་ཁོ་པས་བཤད་པར་གནས་ལུགས་ཆེན་པོ་ཡོད་དེ། ཁ་དཔེ་ལ་བོད་རེ་བས་ཕུངས་ཞེས་པ་བཞིན་ང་ཚོ་ནི་ནམ་ཡང་རང་ལ་ཆ་མི་བཞག་བློ་མི་ཁེལ་ཏེ་གཞན་ལ་རེ་བ་བཅོལ་བ་ལ་དགའ་བས་ལན་པ་ལོས་ཡིན་སྙམ། གང་ལྟར་ཡང་ཁོ་པ་ནི་འཇིག་རྟེན་མུན་པ་སེལ་བའི་སྐྱ་རེངས་བསུ་བའི་ཉི་མ་གཞོན་ནུ་ཞིག་དང་མཚུངས་པར་རེ་ཞིག་མུན་པའི་ཆུ་འཛིན་གྱིས་གཡོགས་ཀྱང་མཐར་འོད་བརྒྱས་འཛམ་གླིང་དྲོ་བ་བཞིན་མི་རིགས་ཀྱི་ལ་རྒྱ་སྐྱོང་མཁན་ཞིག་དང་མེས་རྒྱལ་འཛུགས་སྐྲུན་བྱེད་མཁན་གྱི་བསམ་ཕོད་པ་དང་བསྒྲུབ་ཕོད་པའི་ཁམས་པའི་ཕོ་རྒོད་མིང་དོན་མཐུན་པ་ཞིག་ཏུ་གྱུར་ནས་ཚང་མའི་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱེད་ཡུལ་དུ་གྱུར་ཏོ།།
 
 
 
  • ལེ་ཚན་སྔོན་མ།:ཁ་བ་ཅན།
  • ལེ་ཚན་རྗེས་མ།:སྒྲོལ་མའི་ལས་དབང་།