སྐྱ་རེངས་བསུ་བའི་ཉི་གཞོན།

མིག་དམར་གྱིས།        2012-04-23

སྐྱ་རེངས་བསུ་བའི་ཉི་གཞོན།

སྔོན་ཡུལ་བཀྲ་ཤིས་ཞེས་པའི་རོང་ས་ཞིག་ལ་བདེ་ལེགས་ཁང་གསར་ཞེས་པ་ཕོ་བ་བརྒྱགས་ཙམ་དང་གོས་དྲོ་ཙམ་གྱིས་འཚོ་བ་སྐྱེལ་པའི་ཁྱིམ་ཚང་ཞིག་ཡོད། དེ་ཚང་གི་བུད་མེད་ལྷ་མོ་དང་སྐྱེས་པ་སྟོབས་ལྡན་གཉིས་ལ་བུ་ཞིག་སྐྱེས་པར་དགའ་བ་དཔག་མེད་སྐྱེས་ཏེ་ད་རང་ཅག་གཉིས་ཀྱི་བསམ་དོན་གྲུབ་སོང་ཞེས་བུའི་མིང་ལའང་བསམ་འགྲུབ་ཅེས་ཐོགས། ཕ་མ་གཉིས་ཀྱང་སྔར་དང་མི་འདྲ་བར་ངོ་ལ་འཛུམ་མདངས་ཕྱུང་ནས་ཚིམ་པའི་བསམ་པ་འཆང་བཞིན་སོ་ནམ་ལས་ལ་བརྩོན་པར་བྱེད།
དུས་ཚོད་ནི་སྐར་མདའ་ལྷུང་བ་བཞིན་མིག་ཕྱེ་བཙུམ་གྱི་བར་ན་ཁོ་ཚོའི་བུ་ལོ་ན་དྲུག་ལ་སོན་ཏེ་སློབ་གྲྭར་གཏོང་བའི་དུས་ལ་སླེབས། མ་ལྷ་མོས་བུ་འདི་འདྲ་ཆུང་ཆུང་ཞིག་སློབ་གྲྭར་བཏང་ན་འཁྱག་དོགས་དང་ལྟོགས་དོགས་ཀྱི་སྡུག་བསྔལ་ཡོད་ལ།གཞན་གྱིས་བརྙས་བཅོས་དང་ཐུབ་ཚོད་བྱེད་པའི་སྡུག་བསྔལ་ཀྱང་འདུག་པས་སློབ་གྲྭར་གཏོང་འདོད་དེ་ཙམ་མེད། ཡིན་ན་ཡང་ཕ་སྟོབས་ལྡན་གྱིས་རང་གི་བུ་ལ་ཤ་ཚ་སྙིང་རྗེ་ལོས་སྐྱེས་ཀྱང་སློབ་གྲྭར་མ་བཏང་ན་ངེད་གཉིས་ལྟར་ངལ་བའི་ལས་ལ་བརྩོན་རྒྱུ་མ་གཏོགས་ཅི་ཡང་མི་ཤེས་པའི་དུད་འགྲོ་རྐང་གཉིས་པར་འགྱུར་ངེས་པར་བརྟེན།གང་ལྟར་ཡང་བུ་སློབ་གྲྭར་བཏང་སྟེ་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཏུ་སྐྱེད་བསྲིང་བྱེད་དགོས་པ་ལས་འུ་གཉིས་ལྟར་ལུས་ཀྱི་ངལ་རྩོལ་རྐྱང་པར་བརྟེན་ནས་ཁ་གསོ་ཐབས་དང་གོས་དྲོ་ཐབས་ཙམ་མ་ཡིན་པར་གཉེན་ཉེ་བ་དང་གྲོང་ཁྱིམ་མཚེས། ཡུལ་ལུང་པ། ཐ་ན་མི་རིགས་དང་མེས་རྒྱལ་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཏུ་འགྱུར་བའི་བསམ་བློ་བཟུང་དགོས་པའི་གནས་ལུགས་གང་མང་ཞིག་བཤད་མཐར་བཟའ་མི་གཉིས་གྲོས་འཆམས་བྱུང་སྟེ་བུ་སློབ་གྲྭར་བཏང་བ་རེད།
 དུས་དེ་ནས་བཟུང་ཕ་མ་གཉིས་པོས་སྔ་མོ་ཐོ་རེངས་དང་འགྲན་ཏེ་ལས་ཀར་ཕྱིན་ཞིང་དགོང་མོ་ཁྱི་བཞིན་དཀའ་བ་ཁྱད་དུ་བསད། ངལ་བ་ཕྲག་ཏུ་བླངས་ནས་བུ་ཕྲུག་སྐྱོང་བ་རེད། བུ་ཕྲུག་ཀྱང་ཕ་མའི་བསླབ་བྱ་དང་དགེ་རྒན་གྱི་སློབ་གསོ་ལ་ཉན་ཞིང་སྦྱངས་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ནས་སློབ་རིམ་རེ་རེ་འཕར་ཏེ་མཐོ་རྒྱུགས་ལ་ཉེ་བར་གྱུར། ཕ་མ་གཉིས་པོས་མོ་པ་ལ་མོ་འདེབས་ཤིང་རྩིས་པ་ལ་རྩིས་བརྒྱབ་ནས་སྐུ་རིམ་རྒྱས་ཤིང་རྒྱས་པ་དང་གཞི་བདག་ལ་བསང་ཕུལ་གྱ་ནོམ་པ་བྱས་པ་མ་ཚད། བཀའ་སྲུང་ཆོས་སྐྱོང་ལ་གསོལ་ཁ་ཕུལ་ཞིང་འཕྲིན་བཅོལ་བཞག་པ་སོགས་ག་ས་ག་ལ་བརྒྱུགས་ཏེ་བུ་སློབ་གྲྭ་གང་དྲག་ཅིག་ཏུ་རྒྱུགས་འཕྲོད་པའི་སྨོན་ལམ་དང་རེ་འདུན་ཞུས། བུའང་ཕ་མའི་རེ་བ་ལྟར་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཞིག་ལ་རྒྱུགས་འཕྲོད་པས། ཕ་མ་གཉིས་ལ་སྤྲོ་བ་རབ་ཏུ་བརྟས་ཤིང་བུའི་མགོ་ལ་བྱིལ་བྱིལ་བྱས་ཏེ་ཁྱོད་ནི་ངེད་ཚང་གི་བསྟན་པ་ལ་རྒྱ་ངོམས་ཡུལ་དང་གྲོང་མི་ཡོངས་ཀྱི་རེ་སྨོན་འཆོར་བྱེད་དུ་གྱུར་སོང་ཞེས་བསྟོད་པ་ཡང་ཡང་ཕུལ་ཏེ་བུ་སློབ་གྲྭར་འགྲོ་བའི་སྟ་གོན་ལེགས་པར་བྱས། ཕ་མ་གཉིས་ཀྱིས་ད་སྔོན་བར་དུ་བསགས་པའི་སྒོར་མོ་རྣམས་བུ་སློབ་གྲྭར་འགྲོ་བའི་སློབ་རིན་དང་ཟས་རིན་སྦྱིན་པས་སྒོར་སྐར་གང་ཡང་མ་ལུས་ཀྱང་སེམས་ལ་འགྱོ ད་པ་སྤུ་ཙམ་ཡང་མི་སྐྱེས་ཞིང་ད་དུང་ཁྱིམ་དུ་ཟས་ཞིམ་པོ་གང་ཡོད་བླངས་ནས་བཟའ་བཅའ་ཕུན་སུམ་ཚོགས་པ་བྱས་ཏེ་བུ་སློབ་གྲྭར་བསྐྱལ་བ་རེད། བུ་བསམ་འགྲུབ་སློབ་གྲྭར་སོང་ནས་སྔར་བཞིན་སློབ་སྦྱོང་གི་འཚོ་བར་ཞུགས་ཀྱང་སློབ་གྲྭ་ཆེན་མོའི་འཚོ་བ་ནི་སྔར་དང་གཏན་ནས་མི་འདྲ་བས་ཁོའང་ཉེ་འཁོར་གྱིས་དྲི་མ་ངན་པ་འགོས་ཏེ་སློབ་སྦྱོང་ལ་བརྩོན་པ་ཇེ་ཆུང་ནས་ཇེ་ཆུང་དང་སྐེད་མེད་མར་ལྟ་འདོད་ཀྱི་སེམས་པ་ཇེ་ཆེར་སོང་རུང་ཁོའི་ཁྱིམ་གྱི་ཆ་རྐྱེན་ཞན་སྟབས་གཞན་ལྟར་མིང་གྲགས་ཅན་གྱི་གོན་པ་དང་རིན་གོང་མཐོ་བའི་ཟ་མ། བག་མེད་སྤྱོད་པའི་སྒོར་མོ་སོགས་མེད་པས་འབད་བརྩོན་གང་འདྲ་བྱས་ཀྱང་རེ་ཞིག་ཁོའི་རེ་བ་ཆུའི་ལྦུ་བ་ལྟར་ཡལ་ཏེ་འགྲུབ་མ་སོང་། དེ་བས་སྔོ་ཞིང་སངས་ལ་གཡའ་དག་པའི་བློ་ཡིད་ཀྱི་མཁའ་དབྱིངས་སུ་སྤྲིན་ནག་གིས་ཡོངས་སུ་བསྒྲིབས་ཏེ་བསམ་བློའི་ཆབ་རྒྱུན་ནི་གློག་དམར་འཁྱུག་འཁྱུག ཡིད་ཀྱི་དྲན་པ་ནི་འབྲུག་སྒྲ་ལྡིར་ལྡིར། བློ་ཡི་འཆར་སྒོ་ནི་སེར་བ་འབབ་འབབ་བྱས་ཏེ་དགའ་སྐྱིད་ལྡན་པའི་སློབ་སྦྱོང་གི་འཚོ་བའི་ཉི་འོད་རྒྱབ་ཏུ་བསྐྱུར་ནས་སྐྱོ་སྡུག་མནར་བའི་མུན་ནག་གི་འཚོ་བར་འཇུག་འགོ་བརྩམས། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཞིང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་ཀྱང་ཐབས་ལམ་གཞན་ཞིག་མ་རྙེད་པས་ཁྱིམ་དུ་ཚ་གྲང་གི་སྡུག་བསྔལ་བཟོད་དེ་རང་ཉིད་སྐྱོང་བཞིན་པའི་དྲིན་ཅན་ཕ་མ་གཉིས་མགོ་སྐོར་གཏོང་བའི་ཇུས་ངན་ཁོག་པའི་དབུས་སུ་ཤར། དེ་ནས་ཕ་མ་གཉིས་ལ་རྫུན་ཆེན་མེ་ཏོག་གི་ཕྲེང་བས་བརྒྱན་པའི་འཕྲིན་ཡིག་ཞིག་བཏང་བ་འདི་ལྟར་ཏེ།
ལུས་རྟེན་ཁྱད་འཕགས་བསྐྲུན་པའི་དྲིན་ཅན་ཡབ་ཡུམ་གཉིས་ཀྱི་སྙན་གྱི་བུ་གར།
གུས་འབུལ། བར་ལམ་མ་མཇལ་བར་ལྷན་རྒྱས་སྐུ་འཚོ་གསལ་བཞུགས་ཡོད་པ་ནི་བཀྲ་ཤིས་དཔལ་དུ་ཆེ།
  • ལེ་ཚན་སྔོན་མ།:ཁ་བ་ཅན།
  • ལེ་ཚན་རྗེས་མ།:སྒྲོལ་མའི་ལས་དབང་།