ཁ་བ་ཅན།

ལྕང་ཞབས.འགྱུར་མེད་ཚེ་དབང་།        2012-04-16

ཁ་བ་ཅན།

གཅིག  ཁ་བ་རི་བའི་ཡུལ་གྲོང་།
རི་སུལ་དང་ནི་ཡངས་པའི་ཐང་ཆེན་དུ། །
ཁང་བཟང་མཐོ་དམའ་མི་འདྲ་སྣ་ཚོགས་ཤིག །
མཎྜལ་ཚོམ་བུ་བཀོད་འདྲའི་དག་པའི་ཞིང་། །
ཁ་བ་ཅན་གྱི་གྲོང་གི་ཆགས་ཚུལ་ལགས། །
      
གྲོང་དང་གྲོང་གི་བཞེངས་འཛུགས་རྣམ་པ་འདི། །
རང་བྱུང་ཁམས་དང་འཚམས་པའི་འཆམ་མཐུན་གྱིས། །
མིག་ལམ་གཙང་ཞིང་ཡིད་དུ་འོང་པ་ནི། །
སྣོད་བཅུད་མཐུན་པའི་བརྡ་རྟགས་དྭངས་མ་ལགས། །
 
མི་བུའི་འཚོ་རྟེན་ལེགས་པར་གྲུབ་པ་ཡི། །
ཁྱིམ་གཞི་དྲོན་མོ་སྐྲུན་བྱེད་ས་རྡོ་ཤིང་། །
རྫས་སྦྱོར་མ་འདྲེས་ཁང་ཁྱིམ་གཙང་མ་བཟོས། །
ཁ་བ་ཅན་གྱི་གྲོང་གི་བཀོད་པ་ལགས། །
 
ཁྱིམ་གྱི་རྒྱན་ཆ་རྫས་སྦྱོར་འདྲེས་པ་ཡིས། །
ནད་ངན་སློང་ནས་མི་བུའི་སྲོག་འཕྲོག་པ། །
རྒྱུ་ཆ་དེ་དག་རིང་དུ་དོར་བ་ཡི། །
ཁ་བ་ཅན་གྱི་གྲོང་གི་བཀོད་པ་ལགས། །
 
ལོ་ངོ་བརྒྱ་ཕྲག་ཁུར་གྱིས་ལྗི་ན་ཡང་། །
ཁང་རྒན་སེངྒེའི་ཡ་ཁ་འདྲ་བ་ཡང་། །
ཚེ་སྲོག་ལྕགས་ཀྱི་སྡོང་པོས་བཟུང་བས་ན། །
བག་ཕེབས་ཅི་བདེར་སྤྱོད་པ་ཁ་བ་ཅན། །
 
བགྲང་བྱ་སྟོང་གི་ཁུར་པོ་བཀལ་ན་ཡང་། །
གཟི་མདངས་ལྷག་ཏུ་རྒྱས་པ་པོ་ཏ་ལའི། །
སྲོག་གི་ཀ་གདུང་གསར་རྙིང་བརྗེ་ན་ཡང་། །
ས་རོ་རྡོ་རོ་མ་སོང་བརྗིད་ཆགས་ཅན། །
 
མི་ཕྱུགས་གཉིས་ཀ་བག་ཕེབས་བདེ་བའི་ངང་། །
གནས་གཞི་བརྩེགས་མ་ཅན་པོའི་ཁང་ཆེན་གྱི། །
རབ་གསལ་ཁ་ནས་ཉི་འདོན་དྲོ་བ་དང་། །
གུ་ཡངས་ཅན་འདི་གཞལ་ཡས་ཁང་དང་འདྲ། །
 
མགོ་སྟོང་འགའ་ཡིས་ལྕགས་དང་སྦི་ལ་ཡིས། །
ཁ་བའི་ལྗོངས་ན་ཁང་ཆེན་བཟོ་བ་འདི། །
ལོ་འགའ་སོང་རྗེས་གཅན་གཟན་ཤི་རོ་བཞིན། །
ཤུན་ལྤགས་ཞིག་སྟེ་ཁ་ཆག་སྣ་རལ་གྱུར། །
 
ལོ་ངོ་བརྒྱ་ཕྲག་ཏུའང་གངས་ཀྱི་ཁྲོད། །
ཁ་བ་ཅན་གྱི་ཁང་ཆེན་དེ་དག་ནི། །
ལྷང་ངེར་འགྱིང་བའི་སྲ་ལ་བརྟན་པ་འདི། །
གངས་ཁྲོད་འཚོ་སྡོད་བྱེད་པའི་འབྲོང་རྒོད་འདྲ། །
 
གྱང་རྡུང་རྡོ་རྩིག་འགེབ་ས་བླུག་པ་དང་། །
དྲ་ཤིང་འཐུ་སོགས་ཁང་ལས་དཀའ་བ་རྣམས། །
གྲོང་ཁྱིམ་ཕན་ཚུན་རོགས་རམ་བྱེད་པ་ལས། །
གླ་ཆ་མི་དགོས་ཁ་བ་ཅན་གྱི་སྲོལ། །
 
ཁང་ཁྱིམ་སོ་སོའི་བར་ཐག་རིང་བ་དང་། །
གྲོང་གསེབ་རྟ་ནོར་ལུག་སོགས་རྒྱུ་བ་ལ། །
གུ་ཡངས་ཅན་པོ་ཁ་བ་རི་བའི་གྲོང་། །
མུ་ཏིག་ཕྲེང་བ་ས་ལ་འཐོར་བ་འདྲ། །
 
རྟ་ནོར་ལུག་སོགས་ཇི་ལྟར་མང་ན་ཡང་། །
དབྱར་གྱི་རྩྭ་ལྡུམ་ཅི་ཙམ་སྤུངས་ཀྱང་རུང་། །
སྟོན་གྱི་ལོ་ཏོག་ཇི་ལྟར་རྩིག་ན་ཡང་། །
གུ་ཡངས་ཅན་པོ་ཁ་བ་ཅན་གྱི་ཁྱིམ། །
 
ཁྱིམ་ཆས་གོས་སྒམ་འབྲུ་སྒམ་ཅོག་ཙེ་དང་། །
ཐབ་དང་ཟངས་སོགས་སྤྱོད་ཆས་མང་ཡང་རུང་། །
ཕ་མ་སྤུན་སྲིང་གཅིག་གྲོགས་གཅིག་བྱས་ཏེ། །
བདེ་དགས་མི་ཚེ་སྐྱེལ་བ་གངས་ཅན་པ། །
 
ལྕི་ཤིང་བུད་རྫས་བ་གམ་བརྩེགས་པ་དང་། །
སྐུ་གསུང་ཐུགས་རྟེན་མཆོད་གཤོམ་བཀོད་ལེགས་པ། །
སྟག་ཁྱི་གཟིག་ཁྱི་སྐོར་རྒྱུག་ཅི་བྱེད་རུང་། །
ཁང་ཆེན་ར་བ་ཅན་པོ་གངས་ཅན་པ། །
 
ཕ་མ་སྤུན་སྲིང་མི་སྣ་མང་བ་ཡི། །
ཁང་ཆུང་སྤྱིལ་བུར་བསྟེན་པའི་སློང་མོ་བའང་། །
ཇི་ཙམ་ཨུ་ཐུག་ཐབས་དང་མི་ལྡན་ནའང་། །
དགའ་འཛོམས་ངང་ནས་མི་ཚེ་བསྐྱལ་བ་ཡིན། །
 
གཉིས།  ཁ་བ་རི་བའི་ཁོར་ཡུག
མཐོན་མཐིང་མཁའ་ལ་ཆུ་འཛིན་དཀར་པོ་འཁྲིགས། །
ཉི་འོད་གསལ་ལ་ཟླ་འོད་དྭངས་གཙང་ཅན། །
འབགས་བཙོག་མེད་པའི་སྣང་བ་གསལ་བ་བཅས། །
ཁོར་ཡུག་རབ་མཛེས་ཁ་བ་ཅན་གྱི་གནས། །
 
མཁའ་དབྱིངས་ཐང་ལ་བཞག་འདྲའི་སྤང་ལྗོངས་སུ། །
སྲིད་ན་དཀོན་པའི་ཆུ་གཙང་ཡིད་འོང་དག །
གཡུ་འབྲུག་ནུར་འགྲོས་བཞིན་དུ་རྒྱུ་བ་འདི། །
ཁ་བ་ཅན་གྱི་རང་བྱུང་གཏེར་ཆུ་ལགས། །
 
ཇོ་བོས་བསྔགས་པའི་ཁ་བ་ཅན་གྱི་ཆུ། །
འཛམ་གླིང་ཡིད་སྨོན་ཤོར་སའི་གངས་ཅན་ཆུ། །
བཏུང་ན་ཞིམ་ལ་ལུས་ལ་ཕན་པ་ཡི། །
རིན་ཆེན་དང་པོ་དེས་ཀྱང་འགྲན་མི་ཕོད། །
 
མཐོ་སྒང་སྟེང་ན་གངས་རི་རྫ་རི་སོགས། །
ནགས་རི་ངོས་ན་རི་དྭགས་གཅན་གཟན་སོགས། །
བག་ཡངས་རྒྱུ་བའི་ལྟད་མོ་མང་བ་འདི། །
ཁ་བ་རི་བའི་རང་བྱུང་སྲོག་ཆགས་གླིང་། །
 
ངོས་མཉམ་ངོས་འཇམ་ཡངས་པའི་སྤང་ཐང་ལ། །
མེ་ཏོག་འདབ་བརྒྱ་བཞད་པའི་གླིང་ག་འདི། །
གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་སོགས། །
སྐྱེས་འགྲོ་སྤྱི་ཡི་དཔལ་དུ་ཤར་བ་རྨད། །
 
མི་བུ་དུང་ཕྱུར་ཉི་ཤུ་རྩ་ལྷག་གི །
ཁེ་ཕན་དོན་དུ་ཁོར་ཡུག་སྲུང་སྐྱོང་གི །
བྱ་བ་བྱེད་ལ་དཔའ་བའི་དམག་དཔུང་དེ། །
འཚོ་སྡོད་རྒྱང་འཛིན་བྱེད་པའི་གངས་ཅནཔ། །
 
ཟླ་ལྟར་དཀར་བའི་གངས་རི་གཟེངས་པ་དང་། །
སྣག་ལྟར་གནག་པའི་རྫ་རི་ཉམས་ཅན་དག །
གནམ་གྱི་ཀ་བ་ས་ཡི་རྟེན་ཕུར་ཏེ། །
གོ་ལའི་རིན་ཆེན་སྲོག་གི་དམུ་ཐག་ཡིན། །
 
འཚོ་སྡོད་གཞི་རྩ་གོ་ལ་རིན་པོ་ཆེ། །
སྒྲོག་གིས་བཅིངས་པའི་འཐོར་བ་སྡུད་པ་པོ། །
ནགས་ཀྱི་ལྗོན་པ་བཟང་པོས་རི་ལུང་ཀུན། །
གཡུ་ལྟར་སྔོ་བའི་ཁ་བ་ཅན་པ་སྤྲོ། །
  • ལེ་ཚན་སྔོན་མ།:བོད་པ་ཚང་གི་བུ་མོ།
  • ལེ་ཚན་རྗེས་མ།:སྐྱ་རེངས་བསུ་བའི་ཉི་གཞོན།