བོད་པ་ཚང་གི་བུ་མོ།

དཔལ་མོ་རྒྱལ་གྱིས།        2012-04-10

བོད་པ་ཚང་གི་བུ་མོ།
 

རྩེད་ར་ཆུང་ཆུང་གི་གཡང་ཁྱིམ་ལ་ཆེས་མཐའ་མཇུག་གི་གཙང་དག་ཅིག་བྱོས་དང་།སུ་ཞིག་གི་སྔ་མོ་ནས་ཁྱེད་ལ་རྒྱུ་བྱིན་གྱི་མནའ་མའི་ཆོ་ལོ་གནང་ཚར་འདུགམོ་ལོ་ལྔ་གསུམ་བཅོ་ལྔ།ཟས་མ་ལ་སློང་མི་དགོས་ཟེར་ཡང་།ཟས་མ་ལ་སློང་དགོས་པའི་ཁྱེད་ཀྱིས་བུ་མོ་གནས་འགྲོ་མའི་མཚན་བྱང་འཁུར་དུས།རྟ་ཕོའི་གོང་ནས་མིག་ཆུ་ས་ལ་གཏོར་བར་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན།དྲང་མོར་བཤད་ན།དེ་དུས།གཡང་དཀར་བལ་འཇམ་ངོ་མཚར་འཕང་ལ་འཁེལ་མྱོང་མེད།འབྲི་མོའི་ནུ་མར་རེག་པ་ཙམ་ལས་མར་ལོ་སེར་པོ་ལེན་མྱོང་མེད།ཡིན་ནའང་། ཕ་ཡུལ་གྱི་རི་ཆུ་དང་།རྩྭ་རྐང་རེ་རེར་ཞེན་ཆགས་ཀྱི་བདེ་མོ་འཇོག་ཞོར།
གཞིས་ཁྱིམ་གསར་པ་ཞིག་དང་ངོ་གདོང་གསར་པ་རེ་རེར་སེམས་པ་གཏོད་དུས།བུ་མོ་གནས་འགྲོ་མའི་སྡུག་བསྔལ་སུ་ཡིས་ཚོར།
དུས་དེ་ནས་བཟུང་།ཨ་ནེའི་མནར་གཅོད་དང་།བཟའ་ཟླའི་གཅར་རྡུང་།སྙིད་མོའི་བཤད་ཡམས་ཀྱིས་གཙེས་ནའང་།ཡོད་ཚད་ཡ་ཆུང་ཁོག་དང་མ་ཆུང་སེམས་ནས་སྲོན་པའི་ཁྱོད་ནི་ཅི་འདྲའི་སྙིང་རྗེ་བ་ལ་ཨང་།ཞོགས་པར་ཡུལ་བྱེའུ་སྐྱ་རིལ་མས་ཀྱུར་སྐད་འབྱིན་དུས།མཛེས་སྡུག་གི་རྨི་ལམ་དང་ཁ་འབྲལ་མཁན་ཐོག་མ་ཁྱེད་ཡིན་ལ།ཐོ་རེངས་ཀྱི་སྐར་ཆེན་མཐོང་མཁན་ཡང་ཁྱེད་ཁོ་ན་ཡིན།མཚན་མོར་འབྲོག་ཁྱིས་ཟུག་སྐད་འབྱིན་དུས།བྱང་སྐར་སྤུན་བདུན་གྱི་འཛུགས་སྐྲུན་ལ་རྒྱང་གཟིགས་གནང་མཁན་ཁྱེད་ཡིན་ལ།ཆེས་མཐའ་མཇུག་གི་ཁྱིམ་གྱི་ལྷིང་འཇགས་སྒོམ་མཁན་ཡང་ཁྱེད་ཁོ་ན་ཡིན།ཁྱེད་མེད་ན།གཡང་དཀར་ལུག་ཁྱུ་ད་དུང་དགོ་བའི་ཁྱུ་ཚོགས་རེད།སྒོ་ཕྱུགས་ནོར་ནག་ད་དུང་རྫ་ཁའི་འབྲོང་མོ་རེད།ཁྱེད་མེད་ན།འབྲུ་དྲུག་སྙེ་མའི་གཤིན་ས་ཟེར་བ་ཐང་རྒོད་རེད།གཞིས་ཁྱིམ་གྲུ་བཞིའི་དྲོད་ཁོལ་ཟེར་བ་རྫུན་གཏམ་རེད།ད་དུང་སྦྲང་དཀར་རྩམ་པ་དང་།མར་ལོ་སེར་པོ།འོ་ཇ་མངར་མོ།སྣུམ་དང་བཅུད་ཀྱིས་ཕྱུག་པའི་བཟའ་བཅའ་འདི་དག་ཀྱང་ཇི་ལྟར་ཡོད་ངེས།ཁྱེད་ཡོད་པས་ལོ་གསུམ་བུ་ཆུང་ཞལ་རས་སྣུམ་ཤིག་ཤིགསྨུག་པོ་སྦྲ་ནག་ཐབ་ཚང་ཚ་ལམ་ལམ།
འདི་ལྟར་བུ་ཆུང་ཞིག་གི་ངུ་སྐད་ཁྱེད་ཀྱི་སྙིང་ཁོང་ལ་ཟུག་ཅིང་།བུ་མོ་ཞིག་གི་ལྟེ་ཁྲག་ཀྱང་ཁྱེད་ཀྱི་རྩ་ལམ་ནས་མཆེད་པའི་ལོ་ཟླ་ནས།དཀར་ལ་དམར་མདངས་ཆགས་པའི་ཁྱེད་ཀྱི་ལང་ཚོ།གཡང་ཁྱིམ་དང་།རི་ལུང་ཐང་གསུམ་གྱི་རྨིག་རྗེས་ལ་འཐིམས་ནའང་།སྙན་ལ་མི་སེམས་གཡོ་བའི་ཁྱེད་ཀྱི་སྐད་ངགབཞོ་དབྱངས་དང་ལོ་ཞག་གི་ཕྲེང་བ་དང་བསྡེབས་ཀྱི་རྒས་ནའང་།ཁྱེད་ལ་འཁང་རའི་མིག་ཆུ་མེད།  འགྱོད་གདུང་གི་རྨ་ཁ་མེད། 
གོས་ཐོ་གང་ཡོད་ན་བུ་ཕྲུག་བསམ་མཁན་ཁྱེད་ཡིན།ཟས་ཁམ་གང་ཡོད་ན་ཕ་མར་དྲངས་མཁན་ཡང་ཁྱེད་ཡིན།འཛུམ་མདངས་དང་འོ་ཇས་མ་བོས་མགྲོན་པོ་ཁྱིམ་དུ་བསུ་མཁན་ཁྱེད་ཡིན་ལ།དུངས་སེམས་དང་དགོད་སྒྲས་བོས་པའི་མགྲོན་པོ་སྐྱེལ་མ་བྱེད་མཁན་ཡང་ཁྱེད་ཡིན་པས།བསམ་ན་མི་སེམས་གཡོ་ཞིང་ཐོས་ན་གཞན་ཡིད་འགུག་པའི་མཛད་པ་འདི་དགའཛམ་གླིང་མགོ་ནག་མི་ལ་ཅིས་མི་བསྒྲགས།
ངོ་མ།དཀར་ཡག་གི་འོ་མ་ནི་ཁྱེད་ཀྱི་སེམས་པ་རེད།དྭངས་གཙང་གི་ལྟེང་ཀ་ནི་ཁྱེད་ཀྱི་མི་གཤིས་རེད།མུ་མེད་ཀྱི་རྩྭ་ཐང་ནི་ཁྱེད་ཀྱི་སེམས་རྒྱ་རེད།གཡང་དཀར་གྱི་བལ་འཇམ་ནི་ཁྱེད་ཀྱི་ལྷོད་ཤ་རེད།ཁྱེད་ས་ལའི་སྨན་ལྗོངས་སུ་འཁྲུངས་པ་ནི།བཙན་པོའི་གདུང་རྒྱུད་རྣམས་ཀྱི་ཐོབ་སྐལ་རེད།གླིང་རྗེའི་དཔའ་རྟུལ་རྣམས་ཀྱི་བསོད་ནམས་རེད།གདོང་དམར་བོད་པ་ཡོངས་ཀྱི་ཚོགས་བསགས་རེད།
བཞོ་ཟེའུ་ནི།ཁྱེད་ཀྱིས་མི་ཡུལ་འདིར་བསྐྲུན་པའི་བཟའ་བཏུང་གི་བང་མཛོད་ཡིན།སླེ་བོ་ནི།ཁྱེད་ཀྱིས་གཞིས་ཁྱིམ་འདིར་བསྐྱིལ་བའི་དྲོད་ཁོལ་གྱི་མེ་དཔུང་ཡིན།ཐུར་ཏུ་འཕྱང་བའི་སྙེ་རྡོག་རེ་རེ་ནི་ཁྱེད་ཀྱི་ཕུགས་བསམ་ཡིན།
ལྟེམ་མེར་འཁྱིལ་བའི་འོ་ཟེའུ་རེ་རེ་ནི་ཁྱེད་ཀྱི་འཚོལ་སྙེག་ཡིན།དུང་སོ་སུམ་ཅུའི་སྨྲ་ལྕེ་བར་ན་ཁྱེད་ཀྱི་ངག་ཚིག་འཇམ།ལྡེམ་མྱུར་ལྡན་པའི་སྟངས་སྟབས་ཁྲོད་ན་ཁྱེད་ཀྱི་གོམ་ཁ་ཡང་།ཁྱེད་ལ་ཐོབ་དང་གོ་སའི་ཧམ་སེམས་ཀྱི་ཁུག་མ་མེད།ཁྱེད་ལ་རྒྱུ་འབྲས་ཀྱི་རྒྱ་མ་སྣོག་པའི་བློ་མིག་མེད།
ཡང་ཅིག་བཤད་ན།ནོར་ནག་གི་རྩིད་པ་ལས་སྦྲ་ཁྱིམ་སྨུག་པོ་བཞེངས་པའི་རིག་པ་འདི་ཁྱེད་ཀྱིས་ཇི་ལྟར་རྟོགས།དཀར་ཡག་གི་འོ་མ་ལས་ཟས་བཅུད་མར་ལོ་ལེན་པའི་དྲན་པ་འདི་ཁྱེད་ལ་སུ་ཡིས་བསླངས།འདོད་འཇོ་ཡི་བ་མོ་ལ་དགོ་དགོ་ཡི་དབྱངས་རྟ་འགུག་པའི་ཐབས་ལམ་ཁྱེད་ཀྱིས་ཇི་ལྟར་རྙེད།
ད་དུང་ལྕི་བ་རློན་པའི་དེའུ་འབུར་བརྩིགས་ནས།དགུན་ཟླ་རིང་མོ་བསུ་བའི་མིག་རྒྱང་འདི་ཡང་།ཁྱེད་ཀྱིས་ཇི་ལྟར་དྲན་ནམ། བོད་པ་ཚང་གི་བུ་མོ།ཁྱེད་ཀྱིས།  ཡངས་པའི་རྒྱལ་ཁམས་མིག་གིས་མ་འཚོས་ཀྱང་།མཚར་བའི་གཏམ་རྒྱུད་རྣ་བས་མ་བླགས་ཀྱང་།དབྱངས་གསལ་སོ་བཞིའི་ཞལ་ངོ་མ་མཇལ་ཡང་།དཔྱིད་ཀར།ཕ་ཡུལ་གྱི་ཡུལ་སིལ་མེ་ཏོག་བཞད་དུས།བུ་མོ་ཆུང་ཆུང་གི་རྣ་བའི་བུ་ག་འབུག་དགོས་པ་ཁྱེད་ཀྱིས་རྟོགས་ཤིང་།དབྱར་ཁར།ཁུ་བྱུག་གི་གསུང་སྙན་སྒྲོག་དུས།ཟླ་བ་བཞི་པ་ཚེས་པའི་རྟེན་འབྲེལ་ཡང་ཁྱེད་ཀྱིས་ཚོར།སྟོན་ཀར།ཕྱུགས་ཟོག་གི་ཤ་ཤེད་རྒྱས་དུས།མར་ཕྱུར་གྱི་བང་མཛོད་བསྐྲུན་དགོས་པ་ཡང་ཁྱེད་ཀྱིས་ཤེས།དགུན་ཁར།ཁ་བ་ཡི་འདབ་མ་ལྷུང་དུས།འཇམ་བལ་གྱིས་མིག་གི་རྒྱལ་མོ་སྲུང་བའི་ཐབས་རྩལ་ཡང་ཁྱེད་ལ་མཆིས་པ་ངོ་རེ་མཚར།
དེ་བཞིན་སྲོག་ཆགས་གྲོག་མའི་རུ་དཔུང་སྟར་ཚུལ་དང་།ཞེ་སྡང་སྦྲུལ་གྱི་སྦྲུལ་གྲོས་བསྡུ་སྟངས།སྲིན་བྱ་འུག་པས་ཐན་སྐད་སྒྲོག་ལུགས་ཏེ།སེམས་ཅན་ཞིག་གི་སྣང་ཚུལ་ལས།མ་འོངས་སྔོན་བརྡ་དཔོག་པའི་རྣམ་དཔྱོད་འདི་ལ་ཡིད་རེ་སྨོན།འཇིག་རྟེན་ལ་མུ་གེ་བྱུང་ཡང་།  ཁྱེད་ཀྱི་བཀའ་དྲིན་གྱིས།
ང་ཚོར་གཡང་མདའ་བཞུགས་པའི་གསོག་འབྲུ་ཡོད།གྲོད་པུར་བཅོལ་བའི་མར་ལོ་ཡོད།བགྲང་བྱ་འདི་ལ་ང་ཐོག་དང་པོར་མི་ཡུལ་གྱི་མ་ཡུམ་ཁྱེད་ལ་སེམས་པ་འཁོར་དུས།ང་ཁྱེད་ཀྱི་བློ་རིག་གི་རྐྱལ་རྩལ་ལ་མཚར་སྣང་སྐྱེས་ཡོང་།
དཀའ་སྤྱད་ཀྱི་ལོ་ཟླ་ལ་སེམས་པ་འཁྲེང་ཡོང་།འདི་ལྟར།འཇམ་མཉེན་གྱི་གཞོན་ཤ་ལོ་ཟླའི་བ་མོས་འཁེངས་ནའང་།མཛེས་སྡུག་གི་ཞལ་རས་ངལ་བའི་རླབས་ཀྱིས་འཐགས་ནའང་།སྨྱུག་དྲུག་གི་སྐུ་གཟུགས་ཁུར་པོའི་རྔོན་པ་ཡིས་གཞུ་མོར་བཀུག་ནའང་།ཁྱེད་ཀྱི་ཚེ་སྲོག་གི་རིན་ཐང་རྟོགས་མཁན་ཉུང་བ་ཅི།ཁྱེད་ཀྱི་སྨྲ་བརྗོད་ལ་རང་དབང་མེད་པ་ཅི་ལགས།བོད་པ་ཚང་གི་བུ་མོ།
 

  • ལེ་ཚན་སྔོན་མ།:སྡོང་བོའི་རང་གཏམ།
  • ལེ་ཚན་རྗེས་མ།:ཁ་བ་ཅན།