སྡོང་བོའི་རང་གཏམ།

ཏྲེ་ཧོར་ཡ་མ་རྡོ་རྗེ།        2012-04-06

མིའི་རིགས་ལ་སྙིང་རྗེ་དང་བྱམས་པའི་སེམས་རྒྱུད་ཀྱིས་ཕྱུག་ཚུལ་ཀུན་གྱིས་སྒྲོག་ལ་ཚང་མས་ཁས་ལེན་བྱེད།དོན་དམ་དུ་བཤད་ན་མིའི་རིགས་ལ་འཇིགས་སུ་རུང་བའི་སྒེར་གཅོད་ཀྱི་བསམ་བློ་བཙན་པོ་ཞིག་ཡོད་ལ།རང་འདོད་ཀྱིས་གང་བའི་འདུ་ཤེས་ལྷག་མ་ཞིག་གིས་ཡོད་ཚད་ལ་བཙན་སྐུལ་དང་དབང་སྒྱུར་བྱེད་ཅིང་ཡོད་ཚད་རང་ལ་ཐོབ་འདོད་ཀྱི་སེམས་བྱུང་བཙན་པོ་དེས་ཤེས་མེད་ཚོར་མེད་དུ་རང་ལུས་གསོས་པའི་ཉམ་ཆུང་གི་ང་ཡང་རྩད་མེད་ཤུལ་རྫོགས་སུ་བཏང་།ངས་རང་གི་ལུས་དང་ཡན་ལག་རང་བྱུང་གི་ཆར་ཆུ་དང་བསིལ་རླུང་གིས་གསོས་ལ་རང་གནས་སུ་ལྷིང་འཇགས་ཀྱིས་ནར་སོན་པས་ངས་ཁྱོད་ལ་མི་བདེ་བ་གང་ཡང་བྱས་མྱོང་མེད།ཁྱོད་ཚོད་དེ་ལྟར་གདུག་རྩུབ་ཀྱིས་ངའི་དབུགས་ཀྱི་རྒྱུ་བ་གཅོད་དོན་ཅི་ཞིག་ཉེས།གདོས་བཅས་ཀྱི་རང་གི་ཤ་དམར་ཁྲག་ཁྱོད་ལ་དམར་ན་ང་ཡང་དེ་བཞིན་དེ།ངས་ཀྱང་རང་ལུས་གསོ་བའི་འཚོ་བཅུད་རྩོལ་བས་སྒུམ་དགོས་ལ་ཉིན་ཞག་དང་ལོ་ཟླ་བརྩེགས་པའི་རང་ལུས་སྐྱེད་དུས་ང་ལ་ཡང་ཁྱོད་དང་མཚུངས་པའི་སྡུག་ཡུས་དང་མནར་གཅོད་ཡོད། ཁྱོད་ཚོར་འཚོ་བའི་ལོངས་སྤྱོད་དང་ཚེ་སྲོག་གི་རྒྱུན་མཐུད་པའི་ཉེར་སྤྱོད་དང་ནོམ་པ་དགོས་ན་ང་ལ་རང་ལུས་སྐྱ་མོ་དེ་བཞིན་མཁོ།ཡིན་ཡང་ཁོ་བོ་ཇི་ལྟར་བཅད་ཀྱང་རུང་གིཇི་ལྟར་གཏུབ་ཀྱང་ཆོག་གིའཇམ་ཅག་གེར་རང་སོར་འདུག་པ་ལས་བྱ་ཐབས་གང་ཡང་མེད།བཤད་བཤད་ན།དོན་དམ་དུ་ཁྱོད་ལ་གཞན་མེད་ཀྱི་ལྷག་བསམ་དང་སྙིང་རྗེ་ཞིག་གང་ན་ཡོད།
དུས་རབས་ཀྱི་གླེང་ཕྱོགས་དང་འཛམ་གླིང་གི་ཁ་ཕྱོགས་སར་མི་དང་རང་བྱུང་ཁམས་ཆེན་མོ་ཕན་ཚུན་འཆམ་མཐུན་ཡིན་ཚུལ་བཤད།གལ་ཏེ་ཁྱོད་ཚོ་མིའི་རིགས་ཀྱི་ཁོངས་སུ་གཏོགས་ན་ང་ནི་ཁྱོད་ཀྱི་ཁོར་ཡུག་གི་གྲུབ་ཆ་ཞིག་ཡིན་པ་སྨོས་མེད་ཡིན།རེད་དེ།འདི་ལྟར་བཙན་གནོན་དང་རང་ལུས་མི་དབང་བའི་ཁོར་ཡུག་ཤིག་ནས་འཆམ་མཐུན་དང་ཞི་བདེ་ཟེར་བ་གང་ནས་འཚོལ། དེ་བས་ངས་རང་ལུས་སྐྱེད་པའི་འཚོ་བཅུད་སྒུམ་གྱིན་ནམ་ཞིག་འཚོ་གཞིས་ཀྱི་དམུ་ཐག་གཅོད་པའི་བགག་དང་བར་ཆད་རེ་མི་ཡོང་བའི་རེ་སྨོན་འཆང་གིན་ཁ་རོག་གེར་མི་སྡོད་ཐབས་མེད་བྱུང་།
  • ལེ་ཚན་སྔོན་མ།:ཆུང་འདྲིས་ལ་ཕུལ་བའི་མཐའ་མའི་བརྩེ་འཕྲིན།
  • ལེ་ཚན་རྗེས་མ།:བོད་པ་ཚང་གི་བུ་མོ།