ཁ་བ་ཅན།(2)

ལྕང་ཞབས.འགྱུར་མེད་ཚེ་དབང་།        2012-04-16


 
 གསུམ།  ཁ་བ་རི་བའི་འཚོ་བ།
མིང་ཙམ་ཐོས་ཀྱང་འཇིགས་སྐུལ་ཐེབས་པ་ཡི། །
ནད་ངན་སྣ་ཚོགས་སྤྲིན་ལྟར་འཁྲིགས་དུས་འདིར། །
བོད་པ་ཚང་ལ་ནད་ངན་མེད་པ་འདི། །
ཟས་གོས་གནས་མལ་ཚུལ་མཐུན་ཡིན་པས་རེད། །
 
རང་བྱུང་གཡག་ཤ་ཟེར་ནས་རྒྱ་གང་ལ། །
གྲོང་ཁྱེར་དག་ན་སྒོར་མོ་བརྒྱ་སོ་བྱས། །
ཁ་བ་ཅན་ནི་གཡག་གི་ཕ་ས་རེད། །
གཡག་གི་ཕ་སའི་ཤ་དེ་རང་བྱུང་དངོས། །
 
ཀུ་ཧུའི་བུ་མོས་མགྲིན་དབྱངས་གྱེར་བའི་དུས། །
ཟྭ་དང་རུ་པ་ཆུ་རུག་ལ་སོགས་པ། །
རང་བྱུང་སྔོ་ཚལ་སྣ་ཚོགས་འབུར་བ་ལ། །
གཙང་གཙང་སེང་སེང་རོལ་མཁན་གངས་ཅན་པ། །
 
རྩྭ་ཆུ་གཙང་མ་སྨན་རྩྭ་སྨན་ཆུ་ལ། །
གཟན་ལ་གཡེང་བའི་འབྲི་དང་མཛོ་མོ་ཡི། །
གཙང་ལ་བཅུད་ལྡན་ལྷད་མེད་མར་དཀར་ལ། །
ལོངས་སུ་སྤྱོད་མཁན་ཁ་བ་ཅན་པ་རེད། །
 
ས་ཆ་འགའ་ལ་བཏུང་ཆུའང་དཀོན་དུས་འདིར། །
བོད་པ་ཚང་གིས་ཡན་ལག་བརྒྱད་ལྡན་ཆུ། །
བཏུང་བ་འཛད་མེད་འབེལ་འབེལ་ལྷུན་འགྲུབ་དང་། ། 
མི་གཙང་འདེད་བྱེད་ལ་ཡང་གཏེར་ཆུ་སྤྱོད། །
 
ལྷོ་ཆུ་བྱང་ལ་འདྲེན་པའི་ལས་གཞི་ཡིས། །
རྫ་ཆུ་གངས་ཆུ་ཁ་བ་རི་བའི་ཆུ། །
སེམས་ཅན་སྤྱི་ལ་གནང་སྦྱིན་བྱེད་པ་སྟེ། །
བྱང་སེམས་རྣམ་ཐར་འཛིན་པའི་གངས་ཅན་པ། །
 
རྒྱ་མཚོ་ངོས་ནས་མཐོ་ཚད་ལྔ་སྟོང་གི །
མཐོ་སྒང་ཡུལ་ནའང་སྐྱེས་སྟོབས་བཟང་བ་ཡི། །
འབགས་བཙོག་མེད་པའི་ཨ་འབྲུ་ནས་སྲན་སོགས། །
ཁ་བ་རི་བའི་ཁ་ཟས་མཆོག་ཏུ་བསྔགས། །
 
འཛམ་གླིང་ཡང་རྩེ་ཁ་བ་ཅན་གྱི་སར། །
འབྲུ་རིགས་སྣ་ཚོགས་སོན་ལ་འདེབས་པ་ན། །
འབྲུ་སྣ་གཞན་དག་བག་ལ་ཞ་བའི་ཚེ། །
སྐྱེས་སྟོབས་དཔལ་འབར་ཁ་བ་རི་བའི་འབྲུ། །
 
སེམས་པ་སྤྲོ་བའི་གཞས་དང་མགུར་གླུ་སོགས། །
དབྱངས་རྟ་གྱེར་བའི་སྣང་བ་སྐྱིད་སྐྱིད་ཀྱིས། །
རྫ་མགོ་རི་མགོ་ཡངས་པའི་སྤང་ལྗོངས་སུ། །
གུ་ཡངས་རྒྱུ་བ་སྦྲ་ནག་ཚང་གི་མི། །
 
གྲོང་ཁྱེར་ཆེན་པོའི་འཚོ་བའི་གནོན་ཤུགས་དང་། །
ང་ཁྱེད་རྩོད་པའི་རྣོ་ངར་མེད་པ་དང་། །
གཡོ་འཕྲུལ་རིག་པའི་ཇུས་འགོད་མེད་བཞིན་དུ། །
འཚོ་སྡོད་གུ་ཡངས་ཅན་པོ་བོད་པ་ཚང་། །
 
ཆུ་བོ་རྨ་འབྲི་རྫ་གསུམ་གླུ་ལ་བསྐྱོན། །
རི་དྭགས་ཤྭ་གནའ་རྒོ་གསུམ་གཞས་ལ་དྲངས། །
གཅན་གཟན་སྟག་གཟིག་དོམ་དྲེད་མགུར་དང་སྦྲེལ། །
སྣང་བ་དབྱངས་རྟ་གྱེར་བའི་གངས་ཅན་པ། །
 
བྱ་དང་བྱི་ལ་རྩེ་གྲོགས་མེད་ན་ཡང་། །
ཚེ་ཡི་ལྷག་མ་ཆོས་དང་འགྲོགས་བྱས་ཏེ། །
བུ་ཚ་དེ་ཚོས་གོང་དུ་བཀུར་བ་ཡི། །
བོད་པ་ཚང་གི་རྒས་བཟང་སྣང་སྐྱིད་རེད། །
 
དེ་ལྟར་བོད་ཀྱི་ལོ་རྒྱུས་ཡུལ་སྲོལ་ལས། །
ཁ་བ་རི་བའི་ཡུལ་གྲོང་ཁོར་ཡུག་དང་། །
འཚོ་བ་བཅས་པ་མདོར་ཙམ་གླེང་བ་འདི། །
རྒྱ་མཚོ་ཆེ་ལས་ཆུ་ཐིགས་བླངས་པ་ལྟར། །
ཡིན་མོད་ཁ་བ་རི་བའི་དགེ་མཚན་ལ། །
བསམ་ན་སྐྱེས་དང་ཚེ་རབས་ཀུན་ཏུ་ཡང་། །
གནས་འདིར་སྐྱེས་ན་དགའ་བ་ཅིས་མི་སྐྱེས། །
ཡབ་མེས་དམ་པའི་བཞག་པ་བཟང་པོ་འདིར། །
ཁ་བ་ཅན་དུ་སྐྱེས་མ་ཐག་པ་ཡི། །
བྱིས་པ་དེ་ཚོའང་ལོངས་སུ་སྤྱོད་པ་ཡི། །
སྐལ་ལྡན་ལས་འཕྲོ་ཅན་པོ་གངས་ཅན་པ། །
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ན། །
འཛམ་གླིང་སྤྱི་ཡི་སྣོད་བཅུད་གཉིས་ཆ་ལ། །
ཕན་པ་ངེས་ཞེས་རིས་མེད་ཆེད་མཁས་པས། །
རྡོ་རྗེའི་གསུངས་དེ་དོན་ལ་གནས་པ་སྟེ། །
ཡན་ལག་དང་མ་མགོ་བོ་ཇི་བཞིན་དུ། །
གོ་ལའི་སྲོག་རྩ་ཇོ་མོ་གླང་རི་འདི། །
མ་སྨད་མ་ཉམས་ཡུན་དུ་བརྟན་གྱུར་ན། །
འཚོ་སྡོད་གནས་ལ་གུ་ཡངས་བྱེད་ཀྱང་ཆོག །
    
 
  • ལེ་ཚན་སྔོན་མ།:བོད་པ་ཚང་གི་བུ་མོ།
  • ལེ་ཚན་རྗེས་མ།:སྐྱ་རེངས་བསུ་བའི་ཉི་གཞོན།