སྒྲོལ་མའི་ལས་དབང་།

བོད་ལྗོངས་སློབ་ཆེན།ཚེ་རིང་ལྷ་མཚོ།        2012-05-28

སྒྲོལ་མའི་ལས་དབང་།

ཉི་མས་ནུབ་ཕྱོགས་ཀྱི་སྤྲིན་ཕུང་གི་ཁ་དོག་བསྒྱུར་ལ།བསིལ་རླུང་ཕྲ་མོས་མག་མོད་གི་ཁ་དབུགས་ལ་ལག་བརྡ་གཏོང་བཞིན་ལྷིང་འཇགས་ཀྱི་རི་ཀླུང་བསྒྲིབས།ཉ་གང་ཟླ་བ་དེ་ཤར་ཕྱོགས་ཀྱི་རི་རྩེ་ནས་དཀར་གསལ་གྱི་འཛུམ་མདངས་མངོན།འདི་ནི་ཀུ་མུད་ཀྱི་འཇིག་རྟེན་ཞིག་སྟེ།ཀུ་མུད་ཀྱི་ལང་ཚོ་མངོན་ས་ཤིག་ཁོ་ཚོ་གཉིད་ལས་སད་པ་ཇི་བཞིན་གཅིག་རྗེས་གཉིས་མཐུད་དུ་རང་གི་མཛེས་པའི་འདབ་མ་གྲོལ། སྐབས་དེར།ངས་སྒྲོལ་མ་ཁྱེད་ཀྱི་ཁ་སང་གི་ལང་ཚོ་དྲན་ལ།སང་ཉིད་ཀྱི་དེ་ལས་ལྷག་པའི་ལང་ཚོ་གསར་བ་ཞིག་ལ་རེ་སྒུག་བྱས་ཡོད།འདི་ནི་ང་དོ་དགོང་ནི་མུན་ནག་འདི་ལས་ཐར་བྱེད་ཀྱི་སྟོབས་ཤུགས་ཉག་གཅིག་ཡིན་འདུག ནམ་རྒྱུད།ངས་ཁ་སང་གི་སྒྲོལ་མའི་ལང་ཚོ་མཐོང་ཐུབ་ལ།སང་ཉིན་གྱི་སྒྲོལ་མ་དགའ་བའི་གླུ་སྐད་གོ་ཐུབ།ཡིན་ཡང་།དེ་དགོང་སྤྲིན་ནག་རླབས་ཕྲེང་གི་མཆོངས་ལྡིང་དང་གློག་དམར་ངར་མོའི་འཁྱུག་འགྱུར་འོག་ངས་ཅི་ཡང་མཐོང་མི་ཐུབ་ལ།གཡུ་འབྲུག་སྔོན་མོའི་ལྡིར་སྒྲ་དང་སྐྱི་སེར་རླུང་གི་འུར་སྒྲའི་ཁྲོད་ངས་ཅི་ཡང་གོ་མི་ཐུབ།དེ་དགོང་ངའི་སེམས་ཀྱི་སྒྲོལ་མ་ཁྱེད་ནི་ཅི་འདྲའི་ཉམ་ཐག་པ་ཞིགཅི་འདྲའི་ཚོར་དཀའ་བ་ཞིག      རླུང་བུ་ཕྲ་མོ་གཡུག་ཕྱོགས་ཞིག་གིས་ངའི་རྣ་ལམ་དུ།སྒྲོལ་མ་ཁྱེད་རང་གླེན་བཞིན་པའི་སྐད་ཆ་འགའ་རེ་འཁོར་ཡོང་།མགོ་ཡོད་ན་མཇུག་མེད་པ་ཞིག མཇུག་ཡོད་ན་མགོ་མེད་པ་འགའ།ཁོ་ཚོས་ཁྱོད་ཀྱི་མཛེས་སྡུག་བརྗོད་ཀྱང་ཡོན་ཏན་མཐོང་མི་འདུག ཁོ་ཚོས་ཁྱོད་ཀྱི་ཁ་སང་བཤད་ཀྱང་དེ་རིང་རྟོགས་མི་འདུག ཁོ་ཚོས་ཁྱོད་ཀྱི་ཡོད་ཚད་གླེང་མོད་གནས་བབ་ཀྱི་རྒྱུ་རྐྱེན་བཤད་མ་སོང་།ཁོ་ཚོས་མང་བོ་མང་བོ་ཞིག་བཤད་ཀྱང་སྒྲོལ་མ་ཁྱོད་ཀྱི་དམར་པོའི་ཚིག་རྩ་དེ་གོ་མི་འདུག   དེ་དགོང་།ང་སྒྲོལ་མ་ཁྱོད་ཀྱི་འདབ་མའི་གུར་ཁང་དྲོན་མོ་ནས་ཟེའུ་འབྲུ་མངར་མོའི་བཞུགས་གདན་དུ་ཉལ་ཡོད་ལ།ངས་ཁྱོད་ཀྱི་ལུས་གཏིང་དུ་ཟུག་པའི་ལྷན་སྐྱེས་ཀྱི་དྲི་ཞིམ་དེ་ཚོར་ཐུབ།ངས་ཁྱོད་ཀྱི་ཁྲག་རྒྱུན་ནས་ལྷོག་ལྷོག་ཏུ་བཞུར་བའི་ཆུ་སྐད་དེ་གོ་ཐུབ།ངས་ཁྱོད་ཀྱི་དབུགས་ཀྱི་འཇིབ་སྟངས་དང་སྙིང་གི་ལྡིང་ཚད་དེ་གསལ་བོར་ཐོས་བྱུང་།ཆུར་རླུང་དྲག་པོ་འདིས་ཡོད་ཚད་ཟང་ཟིང་དུ་བཟོས། སང་ཉིན་གྱི་ཉི་འོད་རི་རྩེ་ནས་ཤར་རག་བར་དུ་སྒྲོལ་མ་ཁྱོད་ཀྱི་མཛེས་སྡུག་གི་འདབ་མ་གྲོལ་མི་ཐུབ་ལ།གཡུ་སྦྲང་སྔོན་མས་དབྱངས་རྟ་གོ་མི་སྲིད།འདི་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག འདི་ནི་ཅི་འདྲའི་འུ་ཐུག་པ་ཞིག  ཡུན་རིང་ཡུན་རིང་ཞིག་ལ།སྒྲོལ་མ་ཁྱོད་ཉིད་འདི་ལྟར་མུན་ཁྲོད་དུ་ལུས་སོང་།ཁྱོད་ཀྱི་འདབ་མའི་གུར་ཁང་དུ་ང་དང་ང་ལྟ་བུའི་སྦྲང་ཆུང་མི་ཉུང་བ་ཞིག་ཕྱིར་འབུད་ཀྱི་འཕག་འཚག་བྱས་མྱོང་།ཡིན་ཡང་།འདི་ནི་ཀུ་མུད་ཀྱི་འཇིག་རྟེན་ཞིག་སྟེ།སྒྲོལ་མའི་མེ་ཏོག་གི་འདབ་ཁ་གྲོལ་མི་སྲིད།ད་ལྟ་ཐོ་རེངས་སྐར་ཆེན་གྱིས་ཁྱོད་ལ་རེ་བའི་འོད་སྣང་སྦྱིན་བཞིན།སྒྲོལ་མ་ཁྱོད་ཀྱི་ལང་ཚོ་གླེང་ལ།ཁྱོད་ཀྱི་ཆེ་བ་བརྗོད་བཞིན་ཡོད།འདི་ནི་ཅི་འདྲའི་དགའ་འོས་པ་ཞིག འདི་ནི་ཅི་འདྲའི་སྤྲོ་འོས་པ་ཞིག  ངས་དག་གི་དབྱངས་རྟ་རིང་མོ་སྟོད་ལ་བཀུག་སྟེ་དགའ་བའི་གླུ་ཞིག་ལེན་འདོད་ལ།རྐང་བའི་སྟངས་སྟབས་དགུང་ལ་འཁྱེར་ནས་སྤྲོ་བའི་བྲོ་ཞིག་དེ་བས་ཀྱང་འཁྲབ་འདོད།ངས་ཤར་ཕྱོགས་ཀྱི་རི་རྩེ་ནས་སེར་ལམ་མེར་འཆར་བཞིན་པའི་ཉི་མ་དེ་ལ་འདི་ལྟར་བསུ་བ་ཞིག་བྱེད་འདོད།ངས་ཤར་ཕྱོགས་ཀྱི་རི་རྩེ་ནས་སེར་ལམ་མེར་འཆར་བཞིན་པའི་ཉི་མ་དེ་ལ་འདི་ལྟར་བསུ་བ་ཞིག་བྱེད་འདོད།འདི་ནི་སྒྲོལ་མ་ཁྱོད་ཀྱི་མི་ཚེ་ཡི་དཀྱོག་མཚམས་ཤིག་དང་སྦྲང་ཆུང་ང་ཚོའི་མཛེས་སྡུག་གི་ལང་ཚོ་མངོན་ས་ཡང་ཡིན་འདུག
 སྒྲོལ་མ་ལགས།ཉོན་དང་།གངས་འདབས་ཀྱི་ནག་ཁྲོད་ན་ཁུ་བྱུག་གི་གྲེ་འགྱུར་སྙན་མོས་ཁྱོད་ལ་བསུ་བ་བྱེད་བཞིན་པ་གོ་བྱུང་ངམ།བལྟོས་དང་།མཐའ་མེད་ཀྱི་རྩྭ་ཐང་ན་རྟ་ནོར་ལུག་གསུམ་གྱིས་དགའ་བའི་བང་རྩལ་འགྲན་བཞིན་པ་མཐོང་སོང་ངམ།སྒོམ་དང་།དྲི་མེད་གངས་ཆུའི་ལྷང་ལྷུང་གི་བཞུར་སྒྲ་དང་།གཡུ་སྦྲང་སེར་པོའི་སང་སང་གི་གླུ་སྐད།ད་དུང་གང་སར་ཐུལ་བའི་གངས་ལྗོངས་ཀྱི་ཁ་དབུགས་དེ་ཚོར་བྱུང་ངམ།འདི་ནི་སྒྲོལ་མ་ཁྱེད་ཀྱི་འཇིག་རྟེན་ཡིན་ལ།ཡོད་ཚད་ཞི་བ་དང་སྤྲོ་བས་བརླན་པའི་གནས་མཆོག་ཞིག
 
གངས་དབང་གིས་པར་བླངས།
  • ལེ་ཚན་སྔོན་མ།:སྐྱ་རེངས་བསུ་བའི་ཉི་གཞོན།
  • ལེ་ཚན་རྗེས་མ།:དགེ་རྒན་སྐུ་དྲིན་ཅན་མཁན་ཆེན་སྐུ་ནུབ་འོད་ཟེར་མཆོག་དགོངས་པ་རྫོགས་པ་ལ་རྗེས་དྲན་ཞུ་བ།