དགེ་རྒན་སྐུ་དྲིན་ཅན་མཁན་ཆེན་སྐུ་ནུབ་འོད་ཟེར་མཆོག་དགོངས་པ་རྫོགས་པ་ལ་རྗེས་དྲན་ཞུ་བ།

འགྱུར་མེད་ཚེ་དབང་།        2012-06-05

སྤྱི་ལོ༢༠༡༢ལོའི་ཟླ་བ༥པའི་ཚེས༡༦གི་སྔ་དྲོ་དུས་ཚོད༡༠པའི་ཐོག  གཡས་རི་གཡོན་རིའི་མགོ་བོ་དུད་པ། ཆུ་འཛིན་དཀར་པོའི་མིག་ཆུ་ཤོར་བ།  སློབ་རའི་གླིང་ག་ན་རྒྱུ་བའི་སྲོག་ཆགས་བྱ་བྱེའུ་ཚུན་ཆད་ཀྱིས་སྐྱོ་གླུ་ལེན་གྱི་འདུག    དེ་ནི་སྐུ་ཚེ་སློབ་གསོ་ལ་བཏང་བའི་བོད་ཀྱི་ཤེས་ཡོན་པ་ཆེན་པོ།  གསོ་རིག་མཁས་ཆེན།མཐོ་རིམ་སློབ་དཔོན་ཆེན་མོ་མཁན་ཆེན་སྐུ་ནུབ་འོད་ཟེར་མཆོག་ཞིང་ལ་གཤེགས་པར།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེན་སློབ་ལས་བཟོ་ཡོངས་ཀྱིས་མྱ་ངན་ཞུ་བ་དང་།རྗེས་དྲན་གྱི་མཛད་སྒོ་སྤེལ་བའི་དུས་ཚོད་དེ་རེད།
དགེན་རིན་པོ་ཆེ་སྐུ་ནུབ་འོད་ཟེར་མཆོག་ནི།བོད་ཀྱི་རིག་གནས་སྤྱི་ལ་མཁས་ཤིང་།ཁྱད་པར་དུ་གསོ་རིག་གི་རིག་གཞུང་དང་།ལག་ལེན་ཆ་ལག་བཅས་པ་ལ་རྟོགས་པའི་མངའ་བརྙེས་ཤིང་།ལྷག་བསམ་རབ་ཏུ་དཀར་བའི་སྐྱེས་བུ་དམ་པ་ཞིག་ཡིན།  ཁོང་གིས་ནང་དོན་རིག་པ་དང་།  ཚད་མ་རིག་པ།  རྩིས་རིག་པ།གསོ་བ་རིག་པ་བཅས་ཀྱི་སློབ་ཁྲིད་ཀྱི་ས་བོན་དེ།སྐལ་ལྡན་གྱི་ཞིང་ས་གཤིན་པོར་ལོ་བཅུ་ཕྲག་ཁ་ཤས་ལ་བཏབ་པའི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོབ་ཏེ།སློབ་རྒྱུད་གྲངས་ཀ་མང་ལ་ཕུལ་དུ་བྱུང་བ་མང་ཙམ་གསོ་སྐྱོང་མཛད་པ་དང་།ཁྱད་པར་དུ་སྔ་ཕྱི་བྱས་ཏེ་སེམས་ཅན་ནད་ཀྱིས་མནར་བའི་སྐྱབས་མེད་མགོན་མེད་ཀུན་ལ་མི་ངོ་དང་རྒྱུ་ངོ་ལ་མི་བལྟ་བ།གཟིགས་པ་ཆེན་པོས་བོད་ཀྱི་གསོ་རིག་གི་དམ་ཚིག་ཚུལ་བཞིན་བསྲུངས་ཏེ།ཉིན་མཚན་ལྟོས་མེད་ཀྱིས་གསོ་དཔྱད་སྨན་གྱིས་བསྐྱངས་པས་མི་དམངས་སྤྱི་ཡིས་དགའ་གུས་ཐོབ།  མདོར་ན་ཁོང་གི་སྐུ་ཚེ་ནི་འོད་འབར་བའི་ཉི་མ་དང་འདྲ་ལ།སྨག་བསལ་བའི་ཟླ་བ་དང་འདྲ་བ་ཞིག་ཡིན་སྟབས་དགེན་རིན་པོ་ཆེ་ཞིང་ལ་གཤེགས་པ་ནི།  བོད་གངས་ཅན་པའི་གྱོ ང་གུད་དང་།  ངེད་སློབ་གྲྭའི་ཕམ་ཁ་ཞིག་རེད།
དགེན་རིན་པོ་ཆེ་ནི་སྤྱི་ལོ༢༠༡༢ལོའིཟླ་བ༥པའི་ཚེས༨ཀྱི་སྔ་དྲོ་དུས་ཚོད༩དང་སྐར་མ༣༠ཐོག་ཏུ་དགོངས་པ་ཆོས་དབྱིངས་སུ་འཐིམས་པར་མཛད།  དགུང་གྲངས༨༥ཡིན།དགོངས་པ་མ་རྫོགས་པའི་སྔོན་དུ་ཉིད་ཀྱི་སྤུན་ནོར་བུ་ལ་ངའི་ཁ་འདོན་ནང་དུ་ཡི་གེ་ཤོག་དྲིལ་ཞིག་ཡོད་པས་ང་ཤི་བའི་རྗེས་སུ་ད་གཟོད་ལྟོས།དེ་ངའི་སློབ་རྒྱུད་དེ་ཚོ་ལ་ལྟ་རུ་འཇུག་ན་ཕན་པ་རེ་ཡོད་ངེས་ཡིན་གསུངས་པ་བཞིན།ཡི་གེ་དེ་རྗེས་ནས་ཀློག་དུས་འདའ་ཁའི་སྐྱིད་གླུ་ཐུང་ཐུང་ཞེས་པ།རྟོགས་པའི་ཀློང་རྡོལ་ཞིང་རྫོགས་ཆེན་གྱི་ཉམས་ལེན་དང་སྦྲེལ་བའི་མགུར་གླུ་རྡོ་རྗེའི་རང་སྒྲ་རང་རེད་ཅེས་ཀུན་གྱིས་བསྔགས་བརྗོད་བྱ་ཡུལ་དུ་གྱུར་པ་ཞིག་འདུགདགེན་རིན་པོ་ཆེ་མཁན་ཆེན་སྐུ་ནུབ་འོད་ཟེར་མཆོག་ནི་རྟའུ་རྫོང་སྨུག་རོང་དུ་རི་འབྲུག་པ།  ཕ་བློ་བཟང་ཉི་མ་དང་།  མ་ཀ་ལིས་ཞེས་པར་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོ་སྟེ༡༩༢༨ལོར་སྐུ་འཁྲུངས་ཤིང་རང་ལོ་བདུན་གྱི་ཐོག་ཏུ་ཁུ་བོ་རི་འབྲུག་ཉི་མའི་མདུན་དུ་ཡི་གེ་འབྲི་ཀློག་ལ་བསླབས་ཤིང་།༡༩༣༧ལོར་ཁུ་བོ་སྐུ་ནུབ་སྟག་སྤྲུལ་ནས་སྐུ་ནུབ་དགོན་དུ་ཁྲིད་དེ་འདོན་ཚོགས་དང་།གསོ་རིག་དང་བརྡ་སྤྲོད་སོགས་ཐུན་མོང་རིག་གནས་བསླབས་པར་མ་ཟད་སྤྱོད་འཇུག་དང་སྙིང་ཐིག་སྔོན་འགྲོ་བསླབས་པ་དང་།ཡེ་ཤེས་བླ་མའི་ཁྲིད་གནང་ནས་ནང་རིག་གི་རྨང་གཞི་བརྟན་པོར་བཞག༡༩༤༢ལོར་རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་མི་ཉག་སྙན་ལམ་དགོན་དུ་བཞུགས་སྐབས་ཁོང་གི་མདུན་དུ་ལོ་གཉིས་ཀྱི་བར་དུ་ནང་རིག་མདོ་སྔགས་ཀུན་ལ་གསན་སྦྱང་མཛད་དོ། །༡༩༤༤ལོར་མཁན་ཆེན་དང་མཉམ་དུ་གྲྭ་ས་ཆེན་མོ་རྫོགས་ཆེན་དུ་ཕེབས་ཏེ་ལོ་བརྒྱད་ཀྱི་རིང་ལ་མཁན་ཆེན་ཐུབ་བསྟན་སྙན་གྲགས་གཙོ་བོ་གནང་བའི།མཁན་པོ་གཞན་ཡང་སྡེ་ངག་དབང་ནོར་བུ།  འཇིགས་མེད་ཡོན་ཏན་མགོན་པོ།  པད་མ་ཚེ་དབང་།  མཁན་ལྷ་རྒྱལ་སོགས་ཀྱི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་མཐར་ཕྱིན་མཛད་པར་མ་ཟད།རྫོགས་ཆེན་ཀོང་སྤྲུལ་དང་གླིང་བླ་སྐུ་ཆེན།ཡིད་བཞིན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ།འབྲུག་པ་སྐུ་ཆེན།དྲི་མེད་བློ་གྲོས་སོགས་ཀྱི་མདུན་དུ་དབང་ལུང་སྣ་ཚོགས་ཞུ་བ་སོགས།ཐོས་བསམ་གྱི་ལས་ལ་ཉིན་མཚན་ལྟོས་མེད་དུ་གཞོལ་བས་མཁས་པའི་གྲགས་པ་ཐོབ།ལོ་རིམ་གཉིས་པའི་ཐོག་ནས་བཤད་གྲྭ་དེའི་སྐྱོར་དཔོན་དུ་བསྐོས་པ་སོགས་སྐུ་ནུབ་འོད་ཟེར་ཞེས་མཁས་པའི་གདན་ཁྲིར་བཀོད་དེ་མཐར་ཕྱིན་སྐབས་མཁན་པོའི་མཚན་གྱི་ཅོད་པན་གནང་ངོ་། །༡༩༥༡ལོར་ཕྱིར་སྐུ་ནུབ་དགོན་དུ་ཕེབས་ནས་དགོན་པ་དེའི་མཁན་པོ་མཛད་དེ་སློབ་མ་གང་མང་སྐྱོང་བར་མཛད།  དེ་རྗེས་དབེན་པའི་རི་ཁྲོད་དུ་བཞུགས་ཏེ་སྒྲུབ་པ་ཉམས་སུ་ལེན་པར་བྱས་ནས་རིག་པ་དཔེ་ཐོག་ཏུ་མི་ལུས་པར་ཉམས་ལེན་གནད་ཐོག་ཏུ་སྨིན་པར་བྱས་སོ། །
༡༩༦༠ལོར་ཁུ་བོ་སྐུ་ནུབ་སྟག་སྤྲུལ་དང་ལྷན་དུ་མགར་ཐར་རྫོང་མི་དམངས་སྨན་ཁང་དུ་བོད་སྨན་སྨན་བཅོས་ཀྱི་ཕྱག་ལས་གནང་ནས་ཁྱིམ་མཚེས་རྫོང་ཁག་ལྔ་ཙམ་གྱི་ནད་པ་དང་བཅས་འགྲོ་བ་ནད་ཅན་མང་པོར་ནད་བཅོས་སྲོག་སྐྱོབ་ཀྱི་ལས་ཀ་རྒྱ་ཆེར་གནང་།༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གདན་ཞུས་ལྟར།བོད་ཡིག་སློབ་གྲྭའི་སློབ་དེབ་སྐར་རྩིས་རིག་ལྡན་སྙིང་ཐིག་དང་ཆུ་མིག་ཀླུ་མཚོ་སོགས་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་འགན་བཞེས་པ་དང་།༡༩༨༣ལོའི་ཟླ་བ་གསུམ་པར་སློབ་གནས་དང་པོར་རྫོགས་ཆེན་དུ་ཕེབས་ཤིང་།  ཡིད་བཞིན་མཛོད་དང་།  མི་ཕམ་མཁས་འཇུག    དབུ་མ་འཇུག་པ་སོགས་ཀྱི་སློབ་ཁྲིད་རྒྱ་ཆེན་པོ་དགེ་སློབ་སྤྱི་ལ་གནང་།  གཞན་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཟུར་གཏོགས་བོད་སྨན་ཁང་དུ་ནད་བཅོས་ཀྱི་ཕྱག་ལས་གནང་ནས་འགྲོ་བ་ནད་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབས།སྤྱིར་དགེན་རིན་པོ་ཆེའི་ཁྱིམ་རྒྱུད་དུ་མི་རབས་གསུམ་ལ་སྨན་པའི་རྒྱུན་ཆད་མ་མྱོང་བ་ཞིག་ཡིན་སྟབས།གསོ་དཔྱད་ཀྱི་ལག་ལེན་གྱི་ཐད་ནས་རིམ་པར་བརྒྱུད་པའི་གདམས་ངག་མང་པོ་ཡོད་པ་ཡིན་ལ་ཕན་འབྲས་ཧ་ཅང་མང་པོ་ཐོབ།དགེན་རིན་པོ་ཆེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་གནས་གཞི་སྡེ་དགེ་རྫོགས་ཆེན་དུ་ཐོག་མ་གདན་ཞུ་བྱས་སྐབས།ངའི་ལུས་ངག་ཡིད་གསུམ་སློབ་གྲྭ་འདི་ལ་ཕུལ་ནས།ཤ་ཁྲག་རུས་གསུམ་གནས་འདི་ན་འཐོར་སོང་རུང་།སློབ་གྲྭའི་བསྟན་པ་ལ་སྲི་ཞུ་ཅུང་ཟད་བསྒྲུབ་ཐུབ་སོང་ན་བསམ་པ་རྫོགས་ལེ་ཡིན་ཞེས་གསུངས།དེ་ནས་བཟུང་སློབ་གྲྭ་དང་གཞི་གཅིག་ཏུ་སྦྲེལ་ཏེ།  སློབ་གྲྭ་གང་དུ་ཡོད་རུང་དགེན་རིན་པོ་ཆེ་དེ་ན་ཡོད་པ་ཡིན་ཞིང་།  སྤྱི་ལོ༡༩༩༠ལོའི་ཟླ་བ༣པར་ལས་འཁྱུར་ངལ་གསོ་གནང་སྟེསྐུ་ངལ་གསོ་ཆོག་པ་ལ།སླར་ཡང་སློབ་གྲྭའི་ལས་རྐང་ཐོག་ཏུ་བཞུགས་ནས་ལོ་མང་པོར་གསོ་དཔྱད་སྨན་གྱི་ཕྱག་ལས་མཛད་པར་མ་ཟད།ལོ་ན་གཞོན་པའི་དགེ་རྒན་དག་ལ་གསོ་རིག་གི་ལག་ལེན་ཉིང་བཅུད་དག་ཀྱང་དཔེ་འཁྱུད་མེད་པར་བསྩལ་བར་མཛད།ཞོར་དུ་མདོ་སྔགས་སྨན་རྩིས་བཅས་པ།གང་ལ་གང་འཚམས་ཀྱིས་དཔེ་ཁྲིད་རྒྱ་ཆེན་མཛད་པས་སློབ་ར་འདིར་ཐུགས་རྗེའི་ཉི་མ་ནམ་ཡང་འཆར་བར་མཛད་དོ། །དེ་རྗེས་དགུང་ལོ་ཧ་ཅང་བགྲེས་ནས་སྐུ་གཟུགས་ཐང་པོ་མེད་པས་གཟིམས་ཤག་ཏུ་བཞུགས་ནས་སྐུ་ངལ་གསོ་ན་ཡང་།ཐུགས་ནས་སློབ་གྲྭ་འདི་གཏན་ནས་བོར་མ་མྱོང་བར་དངོས་སམ་བརྒྱུད་ནས་སློབ་གྲྭའི་བྱ་བ་ལེགས་ཉེས་གང་བྱུང་ལ་རྒྱུན་དུ་རྟོག་ཞིབ་དང་།  བློ་དང་བཀོད་པ་བྱེད་ཀྱི་ཡོད་ལ།  དགེན་རིན་པོ་ཆེ་ནི་སློབ་གྲྭ་འདིའི་ནོར་བུ་ལྟ་བུ་ཡིན་ལ།སློབ་གྲྭའི་དགེན་སློབ་ཀུན་པོའི་སེམས་ཀྱི་ཞིང་ས་ལ།བདེ་དྲོད་ཀྱི་མྱུ་གུ་བསྐྱེད་བསྲིངས་བྱེད་པའི་བྱིན་རླབས་ཀྱི་སྦྲང་ཆར་སྩོལ་མཁན་ཡིན་པས་ཁོང་ཞིང་ལ་གཤེགས་པས་ང་ཚོ་ལ་དབྱར་ཤར་རུང་འཁྱགས་སིབ་སིབ།ཟས་ཟོས་རུང་ལྟོགས་རྐྱང་རྐྱང་།ནམ་གསལ་རུང་མུན་ནག་ནག་གི་བྲོ་བ་སྣ་ཚོགས་ཤིག་སྟེར་སོང་།དགེན་རིན་པོ་ཆེ་ནི་ཕྱི་ཡི་སྤྱོད་ལམ་གཙང་བ།  ནང་གི་སེམས་གཙང་བ།  གསང་བ་ཉམས་ལེན་གཙང་བའི་རྒྱུ་བདེ་བས་འབྲས་བུ་བདེ་བར་གཤེགས་ནས།ཐར་བའི་བཙན་སར་ཟིན་པ་ཞིག་ཡོང་བ་ནི་ང་ཚོ་དགེན་སློབ་ཡོངས་ལ་ཡིད་ཆེས་ཡོད་ལ།དགེན་རིན་པོ་ཆེ་ནི་ང་ཚོ་དགེན་སློབ་ཡོངས་རྫོགས་ལེགས་ལམ་དུ་ཁྲིད་པར་མཛད་པའི་མིག་དཔེ་བལྟ་ས་ཡིན་ལ།ང་ཚོ་བྱ་བ་བཟང་པོ་ལ་འཇུག་བྱེད་ཀྱི་དབུགས་དབྱུངས་བའི་སྒུལ་ཤུགས་ཤིག་ཀྱང་ཡིན་པར་མ་ཟད།
དགེན་རིན་པོ་ཆེ་ནི་ང་ཚོ་དང་ཁ་མི་འབྲལ་ཞིང་།ནམ་ཡང་ང་ཚོའི་སེམས་ནང་དུ་འཆར་བའི་ཉི་མ་དེ་ཡིན་ནོ། །
  • ལེ་ཚན་སྔོན་མ།:སྒྲོལ་མའི་ལས་དབང་།
  • ལེ་ཚན་རྗེས་མ།:ཚེ་སྲོག་ངོས་འཛིན།