སྐྱ་རེངས་བསུ་བའི་ཉི་གཞོན།(2)

མིག་དམར་གྱིས།        2012-04-23


འདིར་གུས་ཀྱང་གཟུགས་ཁམས་བདེ་ཐང་ཐོག་དགེ་རྒན་ལ་བརྩི་བཀུར་དང་སློབ་གྲོགས་བར་མཐུན་ལམ་བྱས་ཐོག་སློབ་སྦྱོང་ལ་འབད་བརྩོན་གྱིས་ཡབ་ཡུམ་གྱི་དགོངས་བཞེད་ལྟར་མི་རིགས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་སེམས་རྒྱུན་བཅངས་ཡོད་པས་ཐུགས་གཡེངས་གནང་མི་དགོས་པ་ལགས། འཚམས་ཞུ། སློབ་གྲྭ་འདི་ནི་སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་ཞིང་འཇོན་ལྡན་གྱི་མི་སྣ་བསྐྲུན་སའི་མཆོག་གྱུར་གྱི་གནས་ཤིག་ཡིན་རུང་སློབ་ཡོན་ཅུང་ཆེན་པོ་འདུག་པས་ཁོ་བོས་ཁྱིམ་དུ་ཁྱེར་བའི་སྒོར་མོས་རྩ་བ་ནས་མི་འདང་བས་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཏེ་ཁྱེད་གཉིས་ལ་ལག་རོགས་བྱས་ན་དེ་ལས་བཟང་བའི་འདུན་པ་ཞིག་ངང་ངམ་ཤུགས་སུ་བསྐྱེད་པས་དེ་དོན་ཐུགས་ལ་འཇོག་རོགས། སླད་མར་སྐུ་གཟུགས་རི་རྒྱལ་ལྷུན་པོར་ཉེས་སྐྱོན་གྱི་ཁ་ཆར་མི་གཡོ་ཞིང་མི་རིང་མྱུར་བར་མཇལ་བའི་སྨོན་ལམ་དང་བཅས་སོགས་ཁ་མཁས་ལྕེ་བདེ་གང་མང་ཞིག་བྱས་པས་ཡབ་སྟོབས་ལྡན་གྱིས་མ་ལྷ་མོ་ལ་ཤ་ཟད་རུས་ལ་ཐུག རུས་ཟད་རྐང་ལ་ཐུག་ཀྱང་བུ་འདི་སློབ་གྲྭ་ལས་ཕྱིར་འཐེན་དུ་མི་རུང་ཞིང་། ངེས་པར་དུ་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཏུ་སྐྱེད་བསྲིང་བྱེད་དགོས་ཚུལ་འཆད་དུས་ཡུམ་ལྷ་མོས་ཀྱང་འུ་གཉིས་དགོང་མོ་གཉིད་ཉལ་བའི་དུས་ཚོད་ཇེ་ཐུང་དང་ཟས་བཟའ་རྒྱུའི་དུས་ཚོད་ཇེ་ཉུང་དུ་བཏང་སྟེ་རང་རེའི་བུ་བཟང་པོ་འདི་ཡིན་གཅིག་མིན་གཉིས་གོ་ཆོད་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུའི་ཆོད་སེམས་ང་ལའང་ཡོད་པས་རེ་ཞིག་གཉེན་ཉེ་བ་དང་གྲོང་ཁྱིམ་མཚེས་ལ་སྒོར་མོ་གཡར་ཏེ་བུ་ལ་བསྐུར་ན་རྗེས་སུ་བུ་སློབ་མཐར་ཕྱིན་རྗེས་ག་ལེར་གཞན་ལ་སྤྲད་ཀྱང་མི་འཕྱིས་ཞེས་སྒོར་མོ་གཡར་ཏེ་བསྐུར། སྒོར་མོ་བུའི་ལག་ཏུ་ཐོན་པས་ཕ་མའི་བསླབ་བྱ་དང་དགེ་རྒན་གྱི་སློབ་གསོ་དུད་སྤྲིན་བཞིན་ཡལ་ཏེ་ཁོས་སྐྱེ་བ་ཡང་བརྗེ་དང་པགས་པ་གསུམ་བརྗེ་བྱས་ཏེ་སྒོར་མོ་ལའང་སེར་སྣ་སྤུ་ཙམ་མེད་པའི་སྒོ་ནས་སྤྱད་མཐར་དེ་སྔོན་སེམས་བསམ་ཡོད་ཀྱང་རྒྱུ་ནོར་གྱིས་མི་འདང་བའི་དབང་གིས་རང་ལག་ཏུ་འཁུགས་མ་ཐུབ་པའི་སེམས་ནང་གི་མཛེས་མ་དེའང་རང་དབང་མེད་པར་ལག་ཏུ་ལོན་ཏེ་ཉིན་ལྟར་བདེ་སྐྱིད་ཀྱི་འཚོ་བར་རོལ་ཏེ་དུས་འདའ་བ་རེད། ར་མ་བྲག་ལ་དེད་ན་སྣང་བ་ཇེ་མཐོ་དང་ཁྱི་སྐྱག་མཆོད་མདུན་ལ་བཞག་ན་དྲི་ངན་ཇེ་ཁ་ཟེར་བའི་དཔེ་བཞིན་བསམ་འགྲུབ་ཀྱིས་ཟླ་ནས་ཟླ་དང་ལོ་ནས་ལོ་ལ་ཕ་མ་གཉིས་ལ་གཡོ་སྒྱུ་མགོ་སྐོར་བཏང་བས་ཕ་མ་གཉིས་ཀྱིས་བུན་ལོན་མང་པོ་བཟོས་པས་ཕྱིས་སུ་སྒོར་མོའང་གཡར་རྒྱུ་མི་ལོན་སྟབས་ཁང་པ་དང་རྨོ་ཞིང་ཡོད་ཚད། ཁྱིམ་གྱི་རྩ་ཆེན་དངོས་པོ་རྣམས་བཙོངས་པས་མ་ཚད་ཁོང་གཉིས་པོ་གང་དུ་སྒོར་མོ་ལོན་ན་དེ་རུ་ཟུར་ལས་སོང་སྟེ་དཀའ་ངལ་ལ་མ་འཛེམས་ཏེ་བུ་སློབ་གྲྭ་རུ་བསྐྱངས་གང་ཐུབ་བྱས།
བུས་སློབ་གྲྭ་རུ་ཕ་མ་ལ་མགོ་སྐོར་བཏང་ལོབས་ཕྱིར་སློབ་མཐར་ཕྱིན་དུས་ཀྱང་སློབ་ཚན་གང་མང་དང་བྱ་དགའ་གང་མང་ཞིག་རྫུན་མ་བཟོས་ཏེ་སྤྱི་ཚོགས་ཐོག་གི་ཚོང་ཁང་ལའང་མགོ་སྐོར་བྱས་ཏེ་རེ་ཞིག་ལས་དོན་ཞིག་གཉེར་བ་རེད། ཁོ་རང་རྒྱ་ནག་གི་ཚོང་ཁང་དེ་རུ་གླ་བརྒྱབ་ཏེ་མཛེས་མར་ཟས་གང་འདོད་དང་གྱོ ན་གང་འདོད་བྱིན་ཏེ་གཡོག ཡིན་ནའང་རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་ཟེར་བ་ནང་བཞིན་སློབ་གྲྭར་ཡོད་དུས་སློབ་སྦྱོང་ཡག་པོ་མ་བྱས་སྟབས་ལག་རྩལ་དང་ནུས་པ་ཅི་ཡང་མེད་པའི་རྐྱེན་གྱིས་ལོ་གཅིག་མ་ལོན་པར་ཚོང་ཁང་ལས་ཕྱིར་ཕུད། ཡང་ལས་ཁུངས་དང་ཚོང་ཁང་། བཟོ་གྲྭ་གང་མང་ཞིག་ཏུ་ཕྱིན་ཏེ་ལས་ཀ་བཙལ་ཡང་མ་ལོན་པས་ནམ་རྒྱུན་འཛུམ་མདངས་བཞིན་ལ་མ་ཡལ་ཞིང་གཏམ་སྙན་མཆུ་བར་ན་མི་ལུས་པའི་མཛེས་མའི་བཞིན་རས་ངོས་སུ་དུད་ནག་ཕྱུར་བ་དང་། སྙིང་གི་རྩ་ཆེན་དེ་མ་ཐག་ཆད་པའི་ཚིག་རྩུབ་རྣོན་པོ་ཡང་ཡང་འཕེན་འགོ་ཚུགས། མཐར་བསམ་འགྲུབ་ཀྱིས་ཁས་ལེན་དམ་བཅའ་གང་ལྟར་ཕུལ་ཀྱང་མཛེས་མ་ཡིད་རྨུགས་ཤིང་ཞེན་ལོག་སྟེ་འཕོངས་མགོ་གཡུག་གཡུག་བྱས་ཏེ་ཕྱི་བལྟས་མེད་པར་བུད་སོང་བ་རེད།
 སྐབས་དེར་ཁོ་རང་ནི་རང་ལ་ཡིད་ཆད་ཅིང་མགོ་བོ་སྒུག་སྟེ་མིག་ཆུ་འཁོར་ནས་བསྡད་པ་ལས་བྱ་ཐབས་བྲལ། དེ་ལྟར་ཉིན་རེར་རྒྱགས་པ་དང་ཉིན་རེར་ལྟོགས་པ་ཙམ་གྱིས་གྲོང་ཁྱེར་དུ་འདུག་ཐབས་མེད་དེ་ཕ་ཡུལ་གྱི་ཕྱོགས་ལ་ལོག ཏག་ཏག་ཕ་མ་གཉིས་ནི་གཞན་ཡུལ་ལ་གླ་རྒྱུག་བྱས་ཏེ་བུ་ལོན་འཇལ་བཞིན་ཡོད་པ་དང་འཕྲད།
  • ལེ་ཚན་སྔོན་མ།:ཁ་བ་ཅན།
  • ལེ་ཚན་རྗེས་མ།:སྒྲོལ་མའི་ལས་དབང་།