སྐྱ་རེངས་བསུ་བའི་ཉི་གཞོན།(3)

མིག་དམར་གྱིས།        2012-04-23


དེ་ནས་ཕ་མའི་སྙིང་གི་ཐིག་ལེ་རུ་བརྩིས་པའི་བུ་བསམ་འགྲུབ་ཀྱིས་རང་གི་ཡ་ང་བའི་གནས་ཚུལ་རྣམས་ཕ་མའི་མདུན་ནས་པུས་མོའི་སླ་ང་ས་ལ་བཙུགས་ཏེ་མི་བརྗོད་ཐབས་མེད་གྱུར་པ་རེད། མ་ལྷ་མོས་ངུ་འབོད་རྒྱག་བཞིན་ཁྱོད་ཀྱིས་དགོས་པའི་སློབ་སྦྱོང་མི་བྱེད། མི་དགོས་མཛེས་མ་གཡོག་འདུག་ཅེས་འུར་སྒྲ་རྒྱག་བཞིན་གློ་བུར་དུ་བརྒྱལ་ནས་ཕྱི་མའི་ལམ་དུ་ཕེབས་སོང་། ཕས་མ་ཡི་ཕུང་པོ་ལ་བལྟས་བལྟས་པའི་མཐར་མིག་ནས་ཁྲག་ཐིགས་ཁ་ཤས་བབས་ཤིང་དེ་མུར་དབུགས་ཀྱི་རྒྱུ་བ་ཆད། ནམ་མཁའ་སྔར་ལས་སྐྱ་མདངས་དོད་ཅིང་ས་གཞི་སྔར་བས་སྨུག་མདོག་གིས་གཡོགས། བསམ་འགྲུབ་ཀྱིས་བླ་བོར་བ་བཞིན་སྐད་ངན་ཆེན་པོ་ཞིག་བརྒྱབ་བ་དང་སྔར་བྱས་ལ་འགྱོ ད་པ་ཚད་མེད་བསྐྱེད་དེ་མི་ཚེ་འདིར་ལྷུང་མ་མྱོང་བའི་བཟོད་གསོལ་གྱི་མིག་ཆུ་དང་པོ་དེ་ཆར་ཆུ་བབས་པ་བཞིན་ཤར་ཤར་དུ་ཡུན་རིང་བཞུར། མཐར་མིག་ཟུང་མཁའ་རུ་བགྲད་དེ་ཧ་དགོད་ཆེན་པོ་ལན་འགའ་བརྒྱབ་རྗེས་འཁྱར་འཁྱོར་གྱི་གོམ་པ་སྤོས་ཏེ་དམིགས་ཡུལ་གང་ཡང་མེད་པ་མདུན་ཕྱོགས་སུ་ཕྱིན།
དེ་ནས་ཁོ་རང་ཆང་གིས་བཟི་པ་བཞིན་ཉི་མ་འཁྱོལ་ཀྱང་གཞན་གྱིས་སྦྱིན་པའི་རྩམ་པ་དང་མར་རྣམས་རང་ཉིད་ཀྱིས་བཟའ་མི་བྲ་བར་ཕ་མ་གཉིས་ཀྱི་དུར་སར་སོང་སྟེ་གསུར་བསྲེགས་ཤིང་སྨོན་ལམ་བཏབ་སྟེ་བསྡད་པ་ན་ལུང་པ་འདི་ན་བདེ་སྐྱིད་ཀྱི་གཉེན་སྟོན་མོ་སྒྲིག་ན་བཀོད་པ་གཏོང་མཁན་དང་མི་ཤི་ན་ཚའི་སྡུག་བསྔལ་བྱུང་ན་འགོ་པ་བྱེད་མི། ཐབས་དང་བཀོད་པ་མངའ་ཞིང་ལས་ལ་བརྩོན་པ་དང་གཞུང་རྒྱུད་དྲང་བ་སོགས་སྙན་གྲགས་ལྡན་པའི་རྒན་པོ་དཔལ་ལྡན་ཟེར་བ་ཞིག་ཡོད་པས་ཁོ་པའི་སར་ཡོང་སྟེ་ཁོ་ལ་འདི་ལྟར་བཤད།
     བསམ་འགྲུབ་བསམ་འགྲུབ་ང་ཡི་ཕྱོགས་ལ་ཉོན༎
     བསམ་འགྲུབ་ཅེས་པའི་མིང་གི་ཐོགས་དོན་དང་༎
     ཆུང་ཆུང་ཁྱོར་བ་གང་ནས་གསོ་བ་ལ༎
     སྔར་ལྷག་ལས་ལ་བརྩོན་པ་བྱས་གྱུར་ཏེ༎
     མི་རིགས་ལ་རྒྱ་བཟུང་བའི་དཔའ་བོ་དང་༎
     མེས་རྒྱལ་འཛུགས་སྐྲུན་བྱེད་པའི་རྗེས་འཛིན་པའི༎
     རེ་བ་ཁྱོད་ལ་བཅོལ་ཏེ་ཡབ་ཡུམ་གྱིས༎
     ཟས་གོས་བསྲི་ཚགས་བྱས་ཏེ་སློབ་གྲྭར་བཏང་༎
     ཤེས་རིག་ཡོན་ཏན་སྦྱོངས་ཏེ་མི་རིགས་ལ༎
     ཞབས་འདེགས་ཞུས་པའི་དུས་ལ་བབ་ཉིད་ལ༎
     མི་རིགས་དང་ནི་མེས་པོའི་རྒྱལ་ཁབ་ལ༎
     ཕན་པ་ཡོད་པའི་བྱ་བ་འདི་སྒྲུབ་ཅེས།།
     སྙན་པའི་ཚིག་འདི་བསྒུགས་ཏེ་བསྡད་འདུག་ཚེ༎
     རང་ལ་དགོས་པའི་ཡོན་ཏན་མི་བསླབས་ཏེ༎
     མི་དགོས་མཛེས་མ་གཡོག་ཏེ་དུས་འདའ་བའི༎
     གནས་ཚུལ་ཤེས་ཏེ་རེ་བ་བོར་བའི་དུས༎
     མ་གཞི་སྙིང་རླུང་མཆིས་པའི་ཕ་མ་གཉིས༎
     ཁྱོད་དང་གཏན་ནས་བྲལ་ཏེ་སོང་བ་ལ༎
     སྡུག་བསྔལ་མནར་བ་ཁག་ཅི་མི་འདུག་ཀྱང་།།
     དེ་ལྟར་ངང་ནས་དུས་ཚོད་འདའ་གྱུར་ན༎
     ཕྱི་མའི་ཡུལ་ནས་ཁྱོད་ལ་ལྟ་བའི་དུས༎
     སྡུག་བསྔལ་རྒྱ་མཚོར་ལྷུང་བ་ཐེ་ཚོམ་མེད༎
     དེ་བས་སྡུག་བསྔལ་དང་ནི་ཕམ་ཁ་ལ༎
     སྐྱོ་འཇིགས་མ་བྱས་ཕངས་པ་བྱ་ཡུལ་དེ༎
     མ་ཤེས་པ་དེ་ཡིན་པ་གོ་སོང་ན༎
     ཡིད་སེམས་རྣལ་དུ་ཕབ་ནས་མ་འོངས་པར༎
     ཕ་མ་གཉིས་པོའི་རེ་བ་ཡང་བསྐྱར་དུ༎
     བསྒྲུབ་པའི་ཆོད་སེམས་རྡོ་བརྐོས་རི་མོ་དང་༎
     དྲིན་འཇལ་བསམ་བློ་རི་རྒྱལ་ལྷུན་པོ་བཞིན༎
     རྟག་བརྟན་མ་འགྱུར་སྒོ་ནས་བསྒྲུབས་གྱུར་ན༎
     རྗེ་བཙུན་མི་ལ་བཞིན་དུ་མི་ཡུལ་ལ༎
     བྱས་རྗེས་རླབས་ཆེན་འཇོག་པའི་སྐྱེས་བུ་ཞིག། 
     འདི་ནས་འོངས་བར་ཡིད་གཉིས་ཐེ་ཚོམ་བྲལ༎
     དེ་བས་ཕ་བཟང་བུ་དང་རིགས་བཟང་རྒྱ།། 
     མ་ཕྱིས་མ་འཆུག་ད་ལྟ་མྱུར་པོའི་ངང་༎
     དགུ་ཐོག་གསུམ་བསྣན་སློབ་གསོའི་འཆར་གཞི་ཡི༎
     སྲིད་བཟང་ཉི་ཟེར་ཤར་རིའི་ཕྲག་པ་ནས༎
     འཕྲོས་པའི་གོ་སྐབས་དམ་འཛིན་བྱས་ཤེས་ན༎
     འདི་ལས་ལྷག་པའི་འཕྲིན་བཟང་གླིང་ན་མེད༎
     དེའི་ཕྱིར་བསམ་བློ་ཞིབ་མོ་བཏང་གྱུར་ན༎
     རང་ལ་མདུན་ལམ་ཡངས་པའི་ལམ་བུ་དང་༎
     ཕ་མའི་ཕུགས་བསམ་འགྲུབ་པའི་རེ་བའང་ཡིན།།
     ཞེས་ངང་རྒྱུད་ཆུ་བོའི་རྒྱུན་ལ་དྲངས་ནས་བསླབ་བྱ་བྱས་པས་བསམ་གྲུབ་དུས་ཚོད་ཕྱེད་ཀ་ཙམ་མགོ་བོ་སྒུར་ཞིང་ཁ་ཁུམ་སིམ་མེར་ངང་ནས་འདུག་མཐར་གཞི་ནས་ཨ་ཁུ་དཔལ་ལྡན་ལགས། ང་ལ་ངོ་མ་འདི་འདྲའི་རེ་བ་ཞིག་ཡོད་དམ་ཞེས་དྲིས་པར་དཔལ་ལྡན་གྱིས། ཨ་ཙི་དེ་ལོས་ཡོད་དེ་མ་གཞི་ཁྱོད་ནི་བློ་རིག་བཀྲ་ཞིང་བརྩོན་སེམས་ཆེ་བ་དང་། མི་ཚང་མས་ཕ་བཟང་གི་བུ་དང་གཡག་བཟང་གི་ཀོ་བ་ཞེས་ཡིད་སྨོན་དུ་གྱུར་པའི་བུ་ཕྲུག་དེ་ཡིན་མོད། ངོ་མ། མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ལ་མེད་ཟེར་བ་བཞིན་ཁྱོད་ལྟ་བུའི་ན་གཞོན་ཞིག་ལ་སྐྱོན་ཕྲན་བུ་རེ་མེད་པ་མི་སྲིད་པས། ཁྱོད་ཀྱིས་འདས་ཟིན་པའི་ལོ་རྒྱུས་ལ་དོ་སྣང་དེ་ཙམ་བྱེད་དགོས་དོན་མེད་ལ། གལ་ཆེ་བ་ནི་བགྲོད་ཟིན་པའི་ལམ་བུ་ལ་ཕྱིར་བལྟས་རེ་བྱས་ཏེ་ཕྱོགས་བསྡོམས་རེ་བྱས་ན་ཉམས་མྱོང་རེ་ཐོན་སྲིད་པས་མ་འོངས་པའི་འགྲོ་ལམ་དུ་འགག་འཕྲང་དང་གྱ་གྱུ་མང་པོ་ཞིག་བརྒྱུད་མི་དགོས་ཞེས་འཆད་དུས་རྣ་བ་བླགས་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ཏེ། ཨ་ཁུ་དཔལ་ལྡན་ལགས་བཀའ་དྲིན་ཆེ། ཁྱེད་ཀྱིས་གསུངས་པ་ནི་སངས་རྒྱས་ཀྱི་གསུངས་དང་དགེ་འདུན་གྱི་བཀའ་བཞིན་ཡིན་པས་ཁོ་བོས་སློབ་གྲྭ་དེ་རུ་སོང་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གྲོགས་བར་མཐུན་སྒྲིལ། སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ནས་མ་འོངས་པར་མི་རིགས་དང་མེས་རྒྱལ་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་ངེས་ཡིན་ཞེས་བཤད་དེ་རྒྱ་ནག་གི་དགུ་ཐོག་གསུམ་བསྣན་སློབ་གསོའི་འཆར་གཞིའི་སློབ་གྲྭར་འགྲོ་རྒྱུའི་ཐག་བཅད་པ་རེད།
ཟླ་ཚེས་བཟང་པོའི་ཉིན་ཞིག་ལ་རང་ཉིད་ཀྱི་དགའ་ཕྱོགས་སུ་གྱུར་པའི་ཆེད་སྦྱོང་བཟོ་ལས་ལག་རྩལ་སློབ་གྲྭར་སློབ་མ་གཞན་དང་མཉམ་དུ་རྒྱ་ནག་ཏུ་སློབ་སྦྱོང་བྱེད་དུ་སོང་བ་རེད། སློབ་གྲྭ་དེ་རུ་ཐོན་པའི་ཉིན་དང་པོ་ནས་བཟུང་སློབ་སྦྱོང་ལ་འབད་འབུངས་ལྷོད་མེད་བྱ་རྒྱུའི་བསམ་བློ་ཡིད་ལ་བཅངས་ནས་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མ་བཏང་སྟེ་གཉིད་ཆགས་ཟས་བརྗེད་དང་། སྔ་མོ་སྔར་ལངས་བྱ་ཕོ་དང་འགྲན་ཞིང་དགུང་མོ་ཕྱི་ཉལ་ཁྱི་རྒན་དང་བསྡུར་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱས་མཐར་དགེ་རྒན་གྱིས་མཐོང་ཆེན་དང་སློབ་གྲོགས་ཀྱིས་བརྩི་འཇོག་ཐོབ། ཁོས་ནམ་ཡིན་ཡང་དགེ་རྒན་གྱི་སློབ་ཁྲིད་ལ་ཡིད་སེམས་རྣལ་དུ་ཕབ་ནས་ཉན་ཞིང་།
  • ལེ་ཚན་སྔོན་མ།:ཁ་བ་ཅན།
  • ལེ་ཚན་རྗེས་མ།:སྒྲོལ་མའི་ལས་དབང་།