འབའ་ཐང་མདོ་ཤོད་འབྲོག་པའི་ཆགས་རབས་དང་གཏམ་བཤད་རགས་བཀོད།(4)

        2011-10-17


གཡུ་ཆུ་འདྲ་ཞིག་རྒྱུག་དེ་རེད།   ཕོ་སེམས་ཀུན་དགའ་ར་བའི་ནང་།   འབུམ་གསུང་རབས་འདྲ་ཞིག་བཀྲ་དེ་རེད།   རྒྱུགས་རོགས་རྐྱང་ཆུང་ཁ་དཀར་གྱིས།   ཕྱག་ལག་གཡས་པ་བཀྱག་བསྡད་རེད།  ཕྱི་ཕར་སོང་བུ་འདྲ་ཅིག་ཐུག་རོགས་ན།   རྟ་ཁ་རྡོག་ཁ་རྩིག་རྩིག  གཏམ་རྡོ་མོ་རྡོ་བཙུགས་བཙུགས།    གཏམ་རིང་པོའི་སྲུང་མདའ་འཐེན་འཐེན།   རྟ་མ་བུ་ལུ་གུ་རྒྱུག་རྒྱུག   ཕར་གཏམ་ཚིག་གི་འཆར་རིས།   ཚུར་གཏམ་མགུར་གླུའི་མགུར་ལྕགས་བཏུབ་ལུགས།   ངས་གྱོ ད་གཏམ་བཤད་ན་གྱོ ད་གཏམ་བཤད་རྒྱུ་ཡོད།   གྱོ ད་གཏམ་ལྕགས་ཀྱི་ཐོ་ཐོ་དེ་རྣོ་དགོས།  རྣོ་བ་མ་ཚད་རྔམ་ཅིག་དགོས།   གྱོ ད་གཏམ་ལ་རྣོ་རྔམ་ཅིག་མ་འཛོམས་ན།  གྱོ ད་ཕར་རྒྱག་མི་དགོས་ཚུར་རྒྱག་རེད།   དགྲ་གཏམ་བཤད་ནའམ་བཤད་རྒྱུ་ཡོད།   དགྲ་གཏམ་སེང་གེའི་ཡར་སྟོད་དེ་རྫིགས་དགོས།   རྫིགས་པ་མ་ཚད་རྔམ་ཅིག་དགོས།    དགྲ་གཏམ་ལ་རྔམ་ཟིལ་ཅིག་མ་འཛོམས་ན།   དགྲ་ཕར་རྒྱག་མི་དགོས་ཚུར་རྒྱག་རེད།   གཉེན་གཏམ་བཤད་ནའམ་བཤད་རྒྱུ་ཡོད།   གཉེན་གཏམ་མར་ཁུའི་རྒྱ་མཚོ་དེ་དལ་དགོས།   དལ་བའི་ནང་ནས་འབོལ་ཅིག་དགོས།   གཉེན་གཏམ་ལ་འབོལ་རྔམ་ཅིག་མ་འཛོམས་ན།   གཉེན་ཕར་རེད་མི་དགོས་ཚུར་འདལ་རེད།   སྤྱང་གཏམ་བཤད་ནའང་བཤད་རྒྱུ་ཡོད།   སྤྱང་གཏམ་ཁྲ་རིལ་རྔ་མ་དེ་ཐུང་དགོས།   ཐུང་མ་ཚད་ཀྱི་ཕྲ་དགོས།   སྤྱང་གཏམ་ལ་ཕྲ་ཐུང་ཅིག་མ་འཛོམས་ན།   སྤྱང་ཕར་སྤྱང་ཅིག་མི་དགོས་ཚུར་སྤྱང་རེད།  
མགོ་འ་ཞང་རྣམ་པ་འདྲ་ཡིན་ན།  མགོ་རིམ་གྱིས་མགོ་ནས་མ་བཞུགས།   མགོ་རྒྱ་སློ་ཀྱི་བཞེས་ཟེར་དམར་ཅིག་ཅིག   ལུས་རྒྱན་གཞི་ཀྱི་བཞེས་ཟེར་སེར་ཁྲིག་ཁྲིག རྐེད་ལ་རིང་མགྲོན་ཆུང་ཅིག་ཡིན་ཐལ་ཟེར་ན།  རྐེད་རིམ་གྱིས་རྐེད་ནས་ཚུར་འོངས།   རྐེད་རྩིབས་ཁུགས་ཀྱི་བཞེས་ཏེ་སྣུམ་ལྗང་ལྗང་།  མདའ་བུ་ཚ་བུ་མོ་འདྲ་ཡིན་ཐལ་ཟེར་ན།   མདའ་རིམ་གྱིས་མདའ་ནས་ཡར་འདུག   ནགས་དང་ཙན་དན་སྨྱུག་རིའི་ཁ་མཚམས་ནས་ཡར་འདུག   སྟག་ཕྲུག་མ་བུ་ཁ་སྒྲ་ཤིག་ཤིག   གཟིག་ཕྲུག་མ་བུ་རྡོག་སྒྲ་འགྲིག་འགྲིག   མདའ་བུ་ཚ་བུ་མོའི་དེ།   ཞག་གསུམ་རྒྱལ་པོའི་ཁྲིམས་ཞབས་མ་ཐེ་ཡིན།   མདའ་བུ་ཚ་བུ་མོ་ལ་དཔོན་མེད།   དཔོན་ཡོད་ན་རྒྱ་ནག་གོང་མ་ཡིན།  གངས་དང་གཡའ་མ་ཁ་མཚམས་ལ་རྡོ་མེད།   རྡོ་ཡོད་ན་གཡའ་མ་རྡོ་ལེ།   སྤང་དང་སེ་རེ་ཁ་མཚམས་ལ་ནགས་མེད།    ནགས་ཡོད་ན་སྤང་སྐྱོབ་ཀྱི་མགོ་ལེབ།   མགོ་འ་ཞང་རྣམ་པ་འདྲ་ཡིན་ཐལ་ཟེར་ན།   མགོ་ཡི་སྐྲ་རྩེ་མན་ཆད།   རྐང་གི་སེན་རྩེ་ཡན་ཆད།    བརྩིས་ཀྱིས་ཚང་།   ཚང་ནི་ཡི་རུབ། 
ཁྲ་སེང་སེང་བྱུ་རའི་སྤུས་ཁ་དེ།   འབོལ་ལོ་ལོ་མདའ་བུ་ཚ་བུ་མོའི་ལག་ནང་གནང་རོགས།   མདའ་བུ་ཚ་བུ་མོ་ཟ་ར་ཚིག་ཐོག་ལ་བཤད་ན།  དཔེ་རབ་དང་དཔེ་འབྲིང་དཔེ་ཐ་གསུམ།   དཔེ་རབ་ལ་ཆ་ཅིག་བཞག་ཐལ་ཟེར་ན།   ཡར་རིའི་རི་ལ་བསྐོན་རྒྱུ།   མར་རིའི་ཐང་ལ་བཏིང་རྒྱུ་ཅན།   མིག་ཨ་འབྲས་ཀྱིས་འཚོ་རྒྱུ་ཅན།   སེམས་གངས་དཀར་གྱིས་བསྐྱེད་རྒྱུ་ཅན།   རྭ་ཅོ་ཅན་གྱིས་གནམ་གང་།   རྨིག་པ་ཅན་གྱིས་ཐང་གང་།   (ཟེར་ གདའ་མོ་རེད་ལགས)
དཔེ་འབྲིང་ལ་ཆ་ཅིག་བཞག་ཐལ་ཟེར་ན།   གསེར་སེར་པོ་བྲུས་འཇལ།   དངུལ་དཀར་པོ་འབོ་འཇལ།   གཡུ་སྔོན་མོ་སློ་འཇལ།   དར་དཀར་པོ་འདོམ་འཇལ།
(ཟེར་ གདའ་མོ་རེད་ལགས)
དཔེ་ཐ་མ་ལ་ཆ་ཅིག་བཞག་ཐལ་ཟེར་ན།  ཤ་ལུག་ཁོག་དང་ལུག་ཁོག   མར་རྒྱ་གྲངས་དང་རྒྱ་གྲངས།   ཇ་བག་ཁེབ་དང་བག་ཁེབ།   ཕ་ཁུ་བཟང་པོའི་བཞག་པ་དེ།   དུས་ཚོད་ཞན་ན་མ་བསྟོང་རོགས
(ཟེར་ནས་ཞུ་རྒྱུ་ཡིན) 
  • ལེ་ཚན་སྔོན་མ།:ན་རོ་བོན་ཆུང་དང་མི་ལ་རས་པའི་སྒྲུང་།
  • ལེ་ཚན་རྗེས་མ།:ཚེམ་བཟོ་ཁ་བདེ་དང་ཁྱིམ་བདག