ཧབ་སྐྱ་བེ་རིའི་ཚལ་ལ་གྲོ་མ་བརྐོ་རབས། ཐ་ལེབ་གནའ་བར་བེ་ཆེན་རྐོ་རབས། ཧབ་ཆེན་པ་ལེབ་ཤྭ་ཆེན་གང་རབས། གྭ་གྭ་འཕྱི་བ་མཛོ་གིས་རྫི་རབས། རྭ་བཟང་རྒྱ་ཤུལ་ཚལ་ལ་རི་རྒྱ་བསད་རབས། ལ་དམར་མཚོ་ལ་མཚོ་ཆེན་ཆགས་རབས། ཚོན་ཐང་པོ་ལ་ཐང་ཆེན་ཆགས་རབས། ཨ་མ་འབམ་མཚོ་ཕྱུག་མོའི་ཆགས་རབས་བཤད་ན། འབམ་ཁོག་ཕུགས་ཆེན་ཕུ་མདའ་ལ་འབུམ་འགྲོ་འབུམ་འདུག་ཡིན། མདོ་ཤོད་ཤུལ་པ་དེ་འབའ་ཟམ་པ་ལ་རྩ་འདུག་ནས་ བྱང་ཤར་ལོ་གནམ་སྒོ་སྲུང་ཡིན། དགྲ་ལམ་དེ་དཔུང་པས་མནན(བཞག་གདའ)། གཉན་ལམ་དེ་མར་ཁུས་འཐེན་(བཞག་གདའ)། སྤྱང་ལམ་དེ་དུ་ཁ་མནན་(བཞག་གདའ)། འགྲོ་ཟེར་རན་སྒ་གདན་སྐྱ་ཅིག་ཅིག འདུག་ཟེར་རན་དུ་གདང་སྔོ་ཅིག་ཅིག ང་མདོ་ཤོད་ཤུལ་པའི་ཆགས་ཚུལ་དེ་འདྲ་ཞིག་རེད།
འབའ་ཀུན་མཁྱེན་བླ་མ་བུ་སུ་དང་ཅིག་མི་འདྲ། ཀུན་དང་ཅིག་མི་མཉམ། མ་ཤི་ཡི་ཨ་ཤི་གོ་མི་ཡིན། ཤི་ན་ཅིག་གར་ཐལ་རིག་མི་ཡིན། ཕྱག་གཡས་པས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བསྡམས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལ་ལྕི་ཡང་མེད། ལྕི་མོ་ནང་ནས་ཡང་ཞིག་འདྲེས། ཕྱག་གཡོན་པ་ནང་དུ་ཆོས་ཁྲིམས་འཛིན། ཆོས་ཁྲིམས་དར་གྱི་མདུད་པ་ལ་དམ་ལྷོད་མེད། དམ་པ་ནང་ནས་ལྷོད་ཅིག་འདྲེས། འབའ་ཀུན་མཁྱེན་བླ་མ་རྒྱ་མཚོ་ཆེན་པོ་དེ་གོང་ལ་བཙུགས་ནས་གཏམ་ཚིག་རྩ་གསུམ་གྱི་འབྲེལ་བ་བསལ་ལོ།། (ལགས་སོ་ཀྱི་རེད་བ་ལགས) ལགས་སོ་ཡི་གཏམ་གྱི་འགོ་མ། ཏེ་སེ་ཀྱི་བྲག་གི་གཞི་མ། ལྷ་བསྭོ་ཡི་ལྷ་གི་སྟོན་མོ། ལྟད་མོ་དེ་ཐོག་ལ་ཡག ཝ་ཞྭ་མགོ་ཐོག་ལ་མཛེས། གཉེན་ཉེ་རིང་གི་གསེར་ཟམ་བཙུགས་རབས། དར་དཀར་པོའི་སྤྲོད་ལེན་བྱས་ས་འདི་ཡི་ཐོག་ལ། གཏམ་ཚིག་གསུམ་གྱི་འབྲེལ་བ་མ་བསལ་ན། གླེན་པས་ཤ་ཟ་བ་དང་ལྐུགས་པས་ཆང་འཐུང་གི་དཔེ་རེད། ང་ཕོར་རུ་ལ་ཁྲ་ཆང་ལ་དགའ་ཡི། ཆང་འཐུང་འོངས་ཡི་ནི་མིན། བུ་ཆུང་ཁ་བདེ་གཏམ་ལ་དགའ་ཡི་ནི་གཏམ་བཤད་འོངས་ཡི་མིན། གྲི་ཆུང་ཡུ་བ་ཤ་ལ་དགའ་ཡི་ཤ་ཟ་ནི་འོངས་ཡི་མིན། ཉེ་བ་གཉེན་རྒྱུད་དེད། དབུ་མེད་ཆུ་རྒྱུད་དེད། ཤུག་པས་བྲག་རྒྱུད་དེད་དེ་འོངས་རྒྱུའི་ཟོག་རྩ་ཡིན། གཏམ་ཚིག་གསུམ་གྱི་འབྲེལ་བ་བསལ་ན། གཏམ་ལ་རིང་གྱི་ལ་ཐུང་ལ་འབྲིང་གསུམ། གཏམ་ལ་རིང་གི་གུར་གྱི་ཕུག་ཐུབ་ན། བྱ་ཁྱུང་ཆེན་དཀར་མོ་དེ་གནམ་ལ་ལྡིང་འདྲ། སྒལ་པ་དེ་གནམ་ལ་མི་ཐུག་ལེ། གྲིབ་མ་དེ་ས་ལ་མི་འཁྱིལ་ལེ། གཤོག་རྩེ་དེ་བྲག་ལ་མི་ཟུག་ལེ། འཇའ་ཤར་ལེར་མ་གི་གཏམ་གྱི་ཡིན། གཏམ་དེ་གི་ལོ་རྒྱུས་བཤད་པ་ན། ཨ་སྔོན་མཁའ་རྒྱ་ཆེ་ནས་སྦྲང་ཆར་སིལ་མ་མར་བབས་རབས། ས་གཞི་དར་ལས་འཇམ་ནས་ལྗང་ཆུང་སྔོན་མོ་དེ་ཡར་འཁྲུངས་རབས། གཏམ་ལ་འབྲིང་གི་གུར་གྱི་ཕུག་བཅའ་ན། ཤིང་ཙན་དན་སྡོང་པོ་དེ་ཆུ་ནང་ལ་ཁུར་འདྲ། རྩ་བ་ས་ལ་མི་ཟུག་ལེ། རྩེ་མོ་གནམ་ལ་མི་ཐུག་ལེ། རྐེད་པ་བྲག་ལ་མི་རྒྱག་ལེ། འཇའ་ཤར་ལེར་མ་གྱི་གཏམ་ཞིག་ཡིན། གཏམ་དེའི་ལོ་རྒྱུས་བཤད་བཞག་ན། མཐོ་གནམ་འཁོར་ལོ་རྩིབས་བརྒྱད་གདུགས་དང་ཕུགས་པའི་མ་འོག དམའ་ས་གཞི་པད་མ་འདབ་བརྒྱད་གསེར་ཁྲི་སེར་པོའི་གདན་ཡར་བཏིང་། བོད་བཀྲ་ཤིས་གཟིག་གི་ར་བ། གཡུ་འབྲུག་ཆགས་པའི་གུར་ཁང་། མི་མི་འཛོམས་མ་རེད་ལྷ་འཛོམས་རེད། ལྷ་རིགས་གསུམ་གྱི་མགོན་པོ་ཚུར་འཛོམས་རེད། གཏམ་ལ་ཐུང་གི་གུར་ཞིག་ཕུགས་ཐུབ་ན། བྱེའུ་ཆུང་ཆུང་སྒྲོལ་མས་རྒུ་འབུ་འཐུ་འདྲ། ཡར་མཆུ་རྡོ་ལ་མི་རྒྱག་ལེ། མར་མཆུ་ས་ལ་མི་ཟུག་ལེ། ཐལ་བ་ཡིས་རང་ལུས་མི་བདལ་ལེ། འཇའ་ཤར་ལེར་མ་གྱི་གཏམ་ཞིག་ཡིན། གཏམ་དེའི་ལོ་རྒྱུས་བཤད་བཞག་ན། ཕ་དམ་པ་སངས་རྒྱས་འགྱིང་རབས། མ་ལབ་ཀྱི་སྒྲོལ་མ་གཉན་རབས། ཕོ་རང་རྒྱུད་ཀྱི་རིག་པ་གསལ་རབས། ཁྲ་མོ་ལེབ་ལེབ་ཀྱི་སྡེ་ཆགས་རབས། རྨིག་པ་ལིང་ལིང་གི་རྗེས་བཀྲ་རབས། ཡར་རིའི་རི་ལ་རྐོ་རྒྱུ་ཡོད་རབས། མར་རིའི་ཐང་ལ་བཏིང་རྒྱུ་ཡོད་རབས། མིག་ཨ་འབྲས་ཀྱིས་འཚོ་རྒྱུ་ཡོད་རབས། ལུས་གཟུགས་པོས་གཡོག་རྒྱུ་ཡོད་རབས། སེམས་གག་གག་གིས་བསྐྱེད་རྒྱུ་ཡོད་རབས། དེ་འདྲ་ཞིག་རེད་འོ་ལགས།