ན་རོ་བོན་ཆུང་དང་མི་ལ་རས་པའི་སྒྲུང་།

        2011-08-30

དེ་ཡང་རྗེ་མི་ལ་རས་པས་རང་གི་བླ་མ་ལྷོ་བྲག་མར་པའི་བཀའ་ལྟར་གངས་ཏི་སེར་བྱོན་ཞིང་།དེ་ཡང་ཐོག་མར་ལྷོ་རྒྱུད་པུ་ཧྲེང་ནས་ཏི་སེར་བྱོན་པའི་ཚེ།གུར་ལ་ལ་ཐོག་ཏུ་གངས་མཚོ་གཉིས་ཀྱི་གཞི་བདག་འཁོར་དང་བཅས་པས་བསུ་བ་བྱས།ཕྱག་དང་མཆོད་པ་ཕུལ་ནས་གངས་ཏི་སེ་དང་མཚོ་མ་ཕམ་ནི་རྗེ་བཙུན་གྱི་ཆོས་བརྒྱུད་འཛིན་པའི་བུ་སློབ་རྣམས་ཀྱི་སྒྲུབ་གནས་སུ་ཕུལ་ནས།དེ་དག་མ་འོངས་པར་སྐྱོང་བའི་ཁས་བླངས་ནས་རང་རང་གི་གནས་སུ་སོང་ངོ་།རྗེ་བཙུན་དཔོན་སློབ་རྣམས་ཀྱང་མཚོ་མ་ཕམ་གྱི་འགྲམ་དུ་ཕྱག་ཕེབས་པའི་ཚེ།ན་རོ་བོན་ཆུང་མིང་སྲིང་གིས་ཀྱང་རྗེ་བཙུན་དཔོན་སློབ་ཀྱི་སྙན་གྲགས་དང་།ཏི་སེ་ལ་བྱོན་པའི་ལོ་རྒྱུས་སྔར་ནས་ཚོར་བས།མཚོ་མ་ཕམ་གྱི་འགྲམ་དུ་མདུན་བསུར་བྱུང་སྟེ།བོན་ཆུང་ན་རེ།ཁྱོད་སུ་ཡིན་གང་དུ་འགྲོ་ཟེར་བར།རྗེ་བཙུན་གྱིས།ང་མི་ལ་རས་པ་ཟེར་བ་དེ་ཡིན།ཏི་སེ་གངས་ལ་སྒོམ་དུ་འགྲོ་བ་ཡིན་གསུངས་པས།བོན་ཆུང་ན་རེ།འོ་ན་གངས་ཏི་སེ་དང་མཚོ་མ་ཕམ་འདི་ཡང་ཁྱེད་དང་འདྲ་སྟེ།རྒྱང་ནས་གྲགས་པ་ཆེ་ཡང་དེ་ཙམ་ཡ་མཚན་ཆེ་རྒྱུ་མེད།ཡ་མཚན་ཆེ་རུང་ངེད་བོན་པོར་དབང་བའི་རི་ཡིན་པས་འདིར་བསྡད་ན་ང་ཡི་ལུགས་ཀྱི་བོན་བྱེད་དགོས་ཟེར་བས།རྗེ་བཙུན་གྱིས།རི་འདི་སངས་རྒྱས་ཀྱི་བསྟན་འཛིན་སྤྱི་ལ་ཐུབ་པས་ལུང་བསྟན་པའི་རི་ཡིན།སྒོས་སུ་ང་མི་ལ་རས་ལ་རྗེ་མར་པས་ལུང་བསྟན་པའི་གནས་ཡིན་པས།ཁྱེད་རང་བོན་པོ་རྣམས་སྔར་བསྡད་པ་རྒྱལ་དུ་ཆུགད་འདིར་སྡོད་ན་ངེད་ཀྱི་ལུགས་ཆོས་བྱེད་ན་རུང་།མི་བྱེད་ན་གཞན་དུ་སོང་ཞིག་ཅེས་གསུངས་པས་བོན་ཆུང་ན་རེ།འོ་ན་ཁྱེད་དང་ང་གཉིས་རྫུ་འཕྲུལ་གྱི་རྩལ་ཞིག་འགྲན་ནས་སུ་རྒྱལ་བ་དེར་གནས་རི་འདི་དབང་བ་ཡིན་ཟེར་མ་ཐག་བོན་པོས་མ་ཕམ་གཡུ་མཚོའི་འགྲམ་གཉིས་སུ་རྐང་པ་བཞག་ནས།གངས་དཀར་ཏི་སེ་སྒྲ་ཆེ་ཡང་།རི་བོ་ཁ་བས་གཡོགས་པ་གཅིགམ་ཕམ་གཡུ་མཚོ་སྒྲ་ཆེ་ཡང་།ཆུ་ཉིད་ཆུ་ཡིས་བཤགས་པ་གཅིགམི་ལ་རས་པ་སྒྲ་ཆེ་ཡང་།མི་རྒན་གཅེར་ཉལ་བྱེད་པ་གཅིགདེ་ལ་ཡ་མཚན་བྱེད་རྒྱུ་མེད།ཅེས་གླུ་བླངས་པ་དང་།དེ་རྗེས་རྗེ་བཙུན་གྱིས་སྐུ་ཆེ་རུ་མ་སོང་།མ་ཕམ་གཡུ་མཚོ་ཆུང་དུ་མ་སོང་བར་སྟེང་ནས་བཀབ་སྟེ་བཞུགས་ནས་མགུར་གསུངས་པ་སྟེ།མིང་ཡོངས་སུ་གྲགས་པའི་མི་ལ་ངས།ལྷོ་བྲག་མར་པའི་བཀའ་སྒྲུབ་ཕྱིར།ཏི་སེ་གངས་ལ་སྒོམ་དུ་ཡོང་།རང་གཞན་དོན་གཉིས་སྒྲུབ་པའི་ཚེ།ཁྱོད་ལྟ་ལོག་ཅན་གྱི་བོན་པོ་ལ།བཀའ་མཆིད་གཏམ་ལན་གླུ་ཡིས་འཇལ་།གངས་དཀར་ཏི་སེ་སྒྲ་ཆེ་བ།རི་མགོ་ཁ་བས་གཡོགས་པ་དེ།སངས་རྒྱས་བསྟན་པ་དཀར་བ་ཡིན།མ་ཕམ་གཡུ་མཚོ་སྒྲ་ཆེ་བ།ཆུ་ཉིད་ཆུ་ཡིས་བཤགས་པ་དེ།ཆོས་རྣམས་ཟད་སར་བསྐྱལ་བ་ཡིན།ང་མི་ལ་རས་པ་སྒྲ་ཆེ་བ།མི་རྒན་གཅེར་ཉལ་བྱེད་པ་དེ།གཟུངས་འཛིན་སྦུབ་ནས་ཐོན་པ་ཡིན།སྣང་སེམས་གཉིས་ལ་དབང་བསྒྱུར་བས།སྣ་ཚོགས་རྫུ་འཕྲུལ་སྟོན་པ་ལ།འཇིག་རྟེན་ལྷ་ལ་རག་མ་ལས།འཛམ་གླིང་རི་རྒྱལ་ཏི་སེ་འདི།སྤྱིར་སངས་རྒྱས་བསྟན་འཛིན་ཀུན་ལ་དབང་།སྒོས་མི་ལ་བརྒྱུད་པ་བཅས་པར་དབང་།ཁྱོད་ལྟ་ལོག་ཅན་གྱི་བོན་པོ་རྣམས།དམ་ཆོས་བྱེད་ན་ཀུན་ལ་ཕན།མི་བྱེད་རྫུ་འཕྲུལ་ང་ཆེ་བས།ཡུལ་ཕྱོགས་ས་ཆ་གཞན་དུ་སོང་།སྔོན་ལ་རྫུ་འཕྲུལ་འདི་ལ་ལྟོས།ཞེས་གསུངས་ནས་མ་ཕམ་གཡུ་མཚོ་ཕྱག་སོར་གྱི་རྩེ་ལ་བླངས་ནས་ཆུ་ལ་གནས་པའི་སྲོག་ཆགས་རྣམས་ལ་གནོད་པ་མེད་པར་མཛད་པས།ཁོ་ངོ་མཚར་དུ་གྱུར་ཅིང་རྫུ་འཕྲུལ་རྗེ་མི་ལ་རྒྱལ།བོན་པོས་ད་དུང་རྫུ་འཕྲུལ་འགྲན་ནོ་ཟེར་ནས་ཁོ་ཏི་སེ་ལ་བོན་སྐོར་དུ་སོང་།རྗེ་བཙུན་དཔོན་སློབ་ནང་སྐོར་དུ་བྱོན་པས།ཏི་སེའི་བྱང་ཤར་སྒྲོལ་མ་ལའི་རྒྱབ་ཀྱི་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཕན་ཚུན་ཐུག་པས་བོན་པོ་ན་རེ།ཁྱོད་རྣམས་སྐོར་བ་བྱེད་པ་ལེགས།ད་ལན་ང་ཡི་ལུགས་སུ་འགྲོ་ཟེར་ནས་རྗེ་བཙུན་གྱི་ཕྱག་ནས་འཐེན་བྱུང་བ་ན་རྗེ་བཙུན་གྱི་ཞལ་ནས།ང་ལམ་ལོག་ལ་ཞུགས་ནས་སྐོར་ལོག་ལ་མི་འགྲོ།ཆོས་ལོག་མི་བྱེད།དེ་ལས་ཁྱོད་རང་ངའི་ཕྱི་བཞིན་ཆོས་དང་སྐོར་བ་ལ་ཤོག་གསུངས།བོན་པོ་དང་རྗེ་བཙུན་གཉིས་ཕར་འཐེན་ཚུར་འཐེན་གནང་བས་ཕ་བོང་གི་སྟེང་ན་གཉིས་ཀའི་ཞབས་རྗེས་གསལ།ཏི་སེའི་རྒྱབ་བྱང་དུ་སླེབས་ཚེ།བོན་པོ་ན་རེ།སྔོན་ཆད་ནུས་པ་ཁྱོད་ཅུང་ཆེ་ཙམ་བྱུང་སོང་ཡང་ད་དུང་གྱད་རྩལ་འགྲན་ཟེར་ནས།ཕ་བོང་ཆེན་པོ་ཞིག་གི་སྟེང་ཕ་བོང་གཡག་རོ་ཙམ་ཞིག་བསྐྱལ།རྗེ་བཙུན་གྱིས་ཀྱང་བོན་པོའི་གྱད་རྡོའི་སྟེང་ཕ་བོང་དེ་ལས་ལྡབ་གཉིས་ལྷག་ཙམ་གྱིས་ཆེ་བ་ཞིག་བསྐྱལ་བས་རྗེ་བཙུན་རྒྱལ།ཕ་བོང་དེ་དག་དང་ཞབས་རྗེས་དེ་དག་ད་ལྟའང་མཇལ་རྒྱུ་ཡོད།ཡང་བོན་པོ་ན་རེ།ཁྱོད་ལན་གཉིས་རྒྱལ་ཡོད་ཀྱང་དེས་གོ་མི་ཆོད།ད་དུང་ཡང་མུ་མཐུད་རྫུ་འཕྲུལ་འགྲན་དགོས་ཟེར་བ་ན།རྗེ་བཙུན་གྱིས་ཉི་ཟླ་དང་རྒྱུ་སྐར་འོད་འགྲན་རུང་།གླིང་གཞིའི་མུན་པ་ཉི་ཟླས་སེལ།ཁྱོད་དང་ང་གཉིས་རྩལ་འགྲན་རུང་།ཁྱོད་ཀྱིས་ང་ལ་མི་དོ་བས།ཏི་སེ་ང་ལ་དབང་བ་ཡིན།འོན་ཀྱང་ཁྱོད་ཀྱི་འདོད་པ་ཙམ་དང་།ངེད་སྒྲུབ་བརྒྱུད་ཀྱི་ཆེ་བ་ངོམ་པའི་ཆེད།རྫུ་འཕྲུལ་འགྲན་ན་འགྲན་ཆོག་ཅེས་གསུངས།
     དེ་ནས་རྗེ་བཙུན་ཏི་སེའི་ནུབ་ཕྱོགས་ལྷ་ལུང་གཉན་རིའི་བྲག་སྐེད་པདྨ་ཕུག་ཏུ་བཞུགས།བོན་པོ་ཆུ་ཚུར་ཁའི་རི་ལྡེབས་སྨན་ཆུ་ནད་སེལ་གྱི་འགྲམ་དུ་ཡོད་པའི་ཕུལ་པར་བསྡད།ཐོག་མར་རྗེ་བཙུན་གྱི་ཞབས་ནུབ་རི་ནས་བོན་པོའི་ཕུག་གི་བྲག་གི་ངོས་ལ་བརྐྱངས་ཏེ་ཞབས་རྗེས་བཞགཁྱོད་ཀྱིས་ང་ལྟར་གྱིས་ཤིག་ཅེས་གསུངས་པས།བོན་པོས་རང་གི་ཕུག་ནས་ནུབ་ཕྱོགས་པདྨ་ཕུག་ཏུ་རྐང་བ་བརྐྱངས་ཀྱང་ཆུ་ཁ་ལས་མ་སླེབས་པས་ནམ་མཁའ་ནས་མི་མ་ཡིན་གྱི་བཞད་གད་ཀྱི་སྒྲ་སྒྲོག་བཞིན་སླར་ཡང་རྗེ་བཙུན་རྒྱལ།དེ་ནས་ཡང་བོན་པོ་བོན་སྐོར་དང་།རྗེ་བཙུན་ནང་སྐོར་དུ་བྱོས་པས་ཏི་སེའི་ལྷོ་ཕྱོགས་རྫོང་ལུང་དུ་ཕན་ཚུན་ཐུག་པ་དང་ཆར་པ་ཆེན་པོ་ཞིག་བབས།རྗེ་བཙུན་གྱིས།ང་གཉིས་ལ་ཆར་ཡིབ་བཟོ་དགོས་པས་ཁྱོད་ཕུག་པའི་འགྲམ་རྩིག་པ་ལ་དགའ་འམ།ཡང་ན་ཐོག་འབུལ་པ་ལ་དགའ་ཞེས་གསུངས་པས།བོན་པོས་ངས་འགྲམ་རྩིག་ཆོག་ཟེར་ནས་རྡོ་རྣམས་རྫུ་འཕྲུལ་གྱིས་བཤགས་པ་ལས།རྗེ་བཙུན་གྱིས་ལྟ་སྟངས་མཛད་པས་མ་ཐེག་པར་མིག་ཧྲིག་ཧྲིག་པོར་ལུས་ཤིང་རྗེ་བཙུན་རྒྱལ།དེ་ནས་རྗེ་བཙུན་གྱིས་ཐུགས་དམ་སློད་པས་ཁོས་ཀྱང་རྡོ་འགྲམས་བསླངས།དེ་ནས་རྗེ་བཙུན་གྱིས་སྐད་ཅིག་ཙམ་དུ་རྡོ་རྣམས་རྫུ་འཕྲུལ་གྱིས་བཤམས་ཏེ་བྱས་ན་འདི་ལྟར་བྱེད་གསུངས་ནས་ཕྱག་ཡ་གཅིག་གིས་རྡོ་ལེབ་བླངས་ཏེ་ཕུག་པའི་ཐོག་ཕུབ་པས།དམའ་འདུག་གསུངས་ནས་འོག་ནས་བཏེགས་པས་སྟེང་རྡོ་ལ་དབུ་རྗེས་དང་ཕྱག་རྗེས་གཉིས་བྱུང་།ཡང་མཐོ་འདུག་གསུངས་ཏེ་སྟེང་ནས་ཞབས་ཀྱིས་བརྫིས་པས་ཞབས་རྗེས་བྱུང་ཞིང་།རྗེ་བཙུན་རྒྱལ་བས་ཕུག་པའི་མིང་ཡང་རྫུ་འཕྲུལ་ཕུག་ཏུ་གྲགས།ད་ལྟ་དགོན་པ་ཡོད་པས་རྫུ་འཕྲུལ་དགོན་ཡང་ཟེར།ཡང་བོན་ཆུང་ན་རེ།ད་རང་རེ་གཉིས་ཟླ་བ་འདིའི་ཚེས་བཅོ་ལྔ་ལ་གངས་ཏི་སེའི་རྩེ་མོར་སུ་སྔོན་ལ་སླེབས་པ་དེ་ལ་ཏི་སེ་དབང་བར་བྱེད་ཅིང་ཐག་གཅོད་དོ་ཟེར་བས།རྗེ་བཙུན་གྱིས་ཀྱང་ཞལ་གྱིས་བཞེས་སོ།།དེ་ནས་ཚེས་བཅོ་ལྔའི་ཐོ་རེངས་མཚམས་སུ་བོན་ཆུང་གཤང་འཁྲོལ་ཞིང་རྔ་ལ་བཞོན་ནས་ཏི་སེ་ལ་འཛེགས་སོ།།རྗེ་བཙུན་ནི་གཟིམ་ནས་བཞུགས་པས།བུ་སློབ་རྣམས་ཀྱིས་རྗེ་བཙུན་ལགས།ན་རོ་བོན་ཆུང་ནི་སྔ་མོ་ནས་རྔ་ལ་བཞོན་ནས་འཕུར་ཏེ།ཏི་སེའི་སྐེད་པ་ལ་སླེབས་ཚར་སོང་བས།རྗེ་བཙུན་ད་དུང་ཡང་གཟིམ་ནས་བཞུགས་སམ་ཞེས་ཞུས་པས།ལྟ་སྟངས་ཤིག་མཛད་དེ་ཁྱོད་ཚོས་ལྟོས་གསུངས།བལྟས་པས།ཁོ་གྱེན་ལ་འགྲོ་མ་ཐུབ་པར་སྐོར་བ་ལ་སོང་།དེ་ནས་ཉི་མ་འཆར་ལ་ཉེ་བ་ན།རྗེ་བཙུན་ཆེན་པོས་ན་བཟའ་རས་འགའི་གཤོག་བརྐྱངས་མཛད་ནས་འཕུར་བྱོན་པས་སྐད་ཅིག་ཉིད་ལ་ཏི་སེའི་རྩེར་ཕེབས་པ་དང་།ཉི་མ་ཤར་བ་དང་མཉམ་དུ་བྱུང་ངོ་།དེའི་ཚེ་རྗེ་བཙུན་གྱིས་བླ་མ་རྣམས་དང་།འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས།ཁྲ་ལམ་མེར་བཞུགས་པའི་ཞལ་མངོན་སུམ་དུ་གཟིགས།
     བོན་ཆུང་ཡང་ཏི་སེའི་མགུལ་ནས་ཡར་སླེབས་བྱུང་བས།རྗེ་བཙུན་གྱི་ཟིལ་མ་བཟོད་པར་ནམ་མཁའ་ནས་ལྷུང་སྟེ།འོག་གི་རྔ་ཏི་སེའི་ལྷོ་ཕྱོགས་ན་མར་རྦབ་ཏུ་ཤོར་བས།ཁོ་ཡི་ང་རྒྱལ་དང་དྲེགས་པ་ཉམས་ཏེ།དམའ་ས་བཟུང་བའི་ངང་ནས་ད་ཁྱོད་རྫུ་འཕྲུལ་དང་ནུས་པ་ཆེ་བ་འདུག་པས་ཏི་སེ་ཁྱེད་ལ་ཐོབ་ཟིན།ང་ལ་ཡང་གནས་འདི་མཐོང་ས་ཞིག་ཏུ་སྡོད་ས་ཞིག་དགོས་ཟེར་བྱུང་བས།རྗེ་བཙུན་གྱིས།ཏི་སེའི་རྩེ་མོ་རྡོ་རྗེའི་ར་བ་ཡན་ཡེ་ཤེས་ཀྱི་ལྷ་འཁོར་ལོ་སྡོམ་པའི་བཞུགས་གནས་ཡིན་པས་ཁྱོད་རང་བགྲོད་པའི་སྐབས་མེད་ཀྱང་།ངས་ཁྱོད་ལ་འདོད་པ་བསྟུན་པ་ཙམ་ཡིན།ཁྱོད་ནམ་མཁའ་ནས་ལྷུང་བ་དང་།རྔ་རྦབ་ཏུ་ཤོར་བ་དེ་ཁྱོད་རང་ང་རྒྱལ་ཤིན་ཏུ་ཆེན་པོ་ཡོད་པ་དེ་གཅོག་པའི་ཕྱིར་ངས་ཆེད་དུ་བྱས་པ་ཡིན།གནས་འདིའི་རྩེ་ལ་འགྲོ་ན་འདི་ལྟར་འགྲོ་དགོས་ཞེས་གསུངས་ནས་མགུར་གླུ་འདི་བཞེས་སོ།།
     འཛམ་གླིང་རི་རྒྱལ་ཏི་སེ་འདིར།
     བོད་ཀྱི་རྣལ་འབྱོར་རས་པ་ངས།
     བོན་པོ་ཆོས་ཀྱིས་ཕམ་བྱས་ཏེ།
     ཐུབ་བསྟན་སྒྲུབ་རྒྱུད་ཉིན་མོར་བྱས།
     རྫུ་འཕྲུལ་གྱད་ཀྱི་རྩལ་ལས་བྱུང་།
     གངས་དཀར་ཏི་སེ་ངར་དབང་བ།
     གནས་འདིར་དམ་ཆོས་བསྟན་པ་དར།
     དེ་རྒྱལ་བ་གོང་མའི་བཀའ་དྲིན་ཡིན།
     གསོལ་ལོ་མཆོད་དོ་ཡེ་ཤེས་ལྷ།ཞེས་གསུངས་ནས་ཅི་གར་འཕུར་བས།བོན་ཆུང་གིས་ཁྱེད་ཀྱི་རྫུ་འཕྲུལ་དང་ནུས་པ་ནི་ངོ་མཚར་ཆེ།ང་ཡིད་ཆེས་སོང་།ང་ཡང་གནས་འདི་མཐོང་ས་ཞིག་ཏུ་བསྡད་ས་ཞིག་ཡོད་པ་ཅིས་ནས་ཀྱང་ཐུགས་རྗེ་གཟིགས་ཟེར་བས་རྗེ་བཙུན་གྱིས།འོ་ན་ཁྱོད་རང་ཕ་གིར་སྡོད་ཅིག་ཅེས་གསུངས་པ་དང་ཆབས་ཅིག་ཕྱག་གཡས་པས་གངས་སྦར་མོ་གང་ཤར་ཕྱོགས་ཀྱི་རི་སྟག་ལའི་རྩེར་འཕངས་པས།རི་དེའི་རྩེ་མོར་གངས་ཅུང་ཟད་ཅིག་དུས་བཞི་གང་ལའང་མི་བཞུ་བར་གནས་པ་དང་།རི་དེ་ལ་དུས་ད་ལྟའང་བོན་རི་ཟེར་མུས།དེ་ནས་ཡང་བོན་ཆུང་ན་རེ།ངས་སྐབས་སུ་གངས་ཏི་སེ་ལ་སྐོར་བ་བྱས་ཆོག་པ་དང་།དེ་དུས་ང་འདི་གར་སྡོད་ས་ཞིག་ཀྱང་ཐུགས་རྗེ་གཟིགས་ཟེར་བར་རྗེ་བཙུན་གྱིས་ཡུད་ཙམ་དགོངས་རྗེས་འོ་ན་ཁྱོད་རང་སྐོར་བ་བྱས་ཀྱང་ཆོགདེ་དུས་འདིར་སྡོད་ཅེས་གསུངས་ནས།ཏི་སེའི་མདུན་གྱི་རི་གཤམ་ལ་ས་ཆ་ཞིག་གནང་བ་ལས་དར་ཆེན་གྱི་སྟེང་མཆོད་རྟེན་ཁོང་གསེང་དུ་ཆགས་ནས་བོན་པོ་རྣམས་མི་རབས་བརྒྱུད་སྐོར་བ་བྱེད་ས་ཞིག་ཆགས་སོ།།
  
  • ལེ་ཚན་སྔོན་མ།:བོད་ཀྱི་གཏམ་དཔེ་བདམས་བཀོད།
  • ལེ་ཚན་རྗེས་མ།:འབའ་ཐང་མདོ་ཤོད་འབྲོག་པའི་ཆགས་རབས་དང་གཏམ་བཤད་རགས་བཀོད།