རྩྭ་ཐང་གི་འཚོ་བ།(3)

(ཐུབ་བསྟན་གྱིས།)        2011-09-15


དེའི་ནང་དུ་དགའ་སྤྲོ་ཆེ་བའི་ལྟད་མོ་ནི་རུ་སྐོར་ཕན་ཚུན་གྱི་གཡག་ཐུག་ཆེན་པོ་རྣམས་བདམས་ནས་རྡུང་ཁ་འགྱེད་པ་དེ་དག་ཡིན་ཞིང་།  དེ་ལ་ཁྱུ་རྫི་ཟེར་གྱི་ཡོད་པ་རེད།   རྩེད་མོ་འདི་དག་གི་ཁྲོད་ནས་བྱིས་དུས་ཀྱི་མཛེས་སྡུག་གི་འཚོ་བར་ལྷག་པར་རྗེས་སུ་དྲན་ཞིང་བརྩེ་འདང་ཐུན་མོང་མ་ཡིན་པ་ཞིག་སྐྱེས་ངེས།   དེ་ནས་བཞོན་མ་རྣམས་ཀྱིས་ཙེ་ཙེའི་སྒྲ་དང་བསྟུན་ནས་བཞོན་ལུག་རྣམས་ཐག་རིང་གི་ས་ནས་བོས་ཤིང་ཐག་པ་རིང་པོ་ཁྱེར་ནས་ཐག་ཀ།  ཐག་ཀ་ཞེས་བརྗོད་པའི་ཚེ།   བཞོན་ལུག་རྣམས་དམག་མིའི་སྟར་ཕྲེང་སྒྲིག་པ་ཇི་བཞིན་མིའི་བརྡ་ལ་ཉན་འཇོག་བྱེད་ཤེས་པ་དང་།   བཞོན་མ་ཚོས་བཞོན་ལུག་ལྔ་བརྒྱ་ཙམ་གྱི་མགོ་བོ་རྣམས་ཕན་ཚུན་དུ་བསྣོལ་ཏེ་ཐག་པས་རིམ་བཞིན་ཐག་ཀ་བྱས་རྗེས་གཡས་གཡོན་ནས་འོ་མ་འཇོ་བའི་ཚུལ་ཡང་མཐོང་བྱེད་ཀྱི་ཡུལ་དུ་ངོ་མཚར་བའི་ལྟད་མོར་སྦྱིན།  རྩྭ་ཐང་གི་འཚོ་བར་བརྗོད་མི་ཚར་བའི་གཏམ་རྒྱུད་ཀྱིས་ཁེངས་ཤིང་།   རྟོགས་མི་ཐུབ་པའི་གསང་བས་ཡོངས་སུ་གཏུམས་ཡོད།  རྩྭ་ཐང་གི་འཚོ་བར་སྦགས་བཙོག་དྲི་མས་དབེན་ཞིང་དྭངས་གཙང་གི་ཟུངས་ཁྲག་བཞུར།   རྩྭ་ཐང་གི་འཚོ་བར་ནམ་ཡང་རེ་འབྲས་ཀྱིས་ཕྱུག་ཅིང་གཟི་བྱིན་གྱིས་སྤུད།  རྩྭ་ཐང་གི་འཚོ་བར་དུས་གསུམ་དུ་ཞི་བདེའི་དྲི་བསུང་འཐུལ་ཞིང་གསོན་ཤུགས་ཀྱི་དཔལ་འབར་བཞིན་མཆིས་པས་ཁོ་བོའི་བླ་སྲོག་དུས་གཏན་དུ་རྩྭ་ཐང་ལ་འཁོར་བར་ངེས་སོ།།
  • ལེ་ཚན་སྔོན་མ།:དགེ་རྒན་ལ་བརྩི་བཀུར་བྱ་རྒྱུ་སེམས་ལ་འཇོག་དགོས།
  • ལེ་ཚན་རྗེས་མ།:བརྩེ་དུངས་ཀྱི་ཐོག་མའི་བློས་བསླངས།