བརྩེ་དུངས་ཀྱི་ཐོག་མའི་བློས་བསླངས།

(ལྕགས་ཐར་འབུམ་གྱིས།)        2011-09-20

ངས་བསམ་གཞིག་གི་དྲན་པ་ཡོད་ཚད་ས་ཆེན་ལ་བཞག་ནས་ལག་ཟུང་སྙིང་གར་སྦྱར་ཏེ་ཁུ་སིམ་མེར།  རྨ་ཆུ་སྔོན་མོའི་བཞུར་རྒྱུན་གྱི་ལོ་རྒྱུས་ལ་མནོ་བསམ་གང་མང་བཏང་།
    བརྩེ་དུངས་ནི་ཡིག་འབྲིའི་སྟེང་མཚོན་མི་ནུས་པའི་གསང་བའི་སྙིང་རུས་སམ་གཏིང་ཟབ་ལ་ཁྱོན་ཡངས་པའི་མཚོ་མོ་ཞིག་སྟེ།  མི་ཁ་དང་ཆར་ཆུ་མོད་པའི་མིག་ཞགས་ལྡང་བའི་ས་ཆེན་གྱི་གནས་ཤིག་ན་ལྗིད་ཏིག་གེར་འཚོ།
     ལས་འབྲས་སུ་སྨིན་པའི་ཁྱོད་བརྩེ་དུངས་ཀྱི་འཛུམ་ཟེར་དམར་པོ།  ངའི་འཇིག་རྟེན་གྱི་སྤྲིན་མཐའ་ནས་དལ་གྱིས་འཕྱུར་དུས།  ཡང་བསྐྱར་མི་ལོ་ཉེར་ལྔའི་ཨམ་ཕྲག་ཏུ་བཅུག་པའི་གཏམ་རྒྱུད་ལྗང་ཁུའི་སྒྲོམ་ཆུང་བཞིན།  འགྱོ ད་མེད་ངང་ཁྱོད་ཀྱི་སེམས་ཁ་དང་ལག་པར་གཏད།  བསམ་གཞིག་གི་མངར་ཁ་ཡོད་ཚད།  ལྦུ་ཆང་ནང་བཞིན་ཧུབ་ཀྱིས་བཏུང་སྟེ།  ཡང་བསྐྱར་ཁ་ཟས་ཤིག་གི་སྐྱུར་ཁ་བཙལ།  ཕལ་ཆེར་དུས་དེ་ནས་མགོ་བརྩམས་པ་འདྲ།  གང་ལྟར་ང་ཐེ་ཚོམ་དང་དོགས་ཟོན་གྱི་དྲ་རྒྱར་ཚུད།
     མེད་མུག་དང་སྡུག་ཡུས་ཁྲོད་ལུས་པའི་ངས།  བསླུ་བྲིད་མེད་པའི་བརྩེ་དུངས་ཀྱི་རྒྱབ་ལྗོངས་ལ་ཕྱིར་མིག་གིས་བལྟས།  དེ་ནི་ཟུངས་ཁྲག་དམར་པོ་ལས་གྲུབ་པའི་རྟག་བརྟན་གྱི་རྡོ་རིང་ནར་མོ་ཞིག    ང་ནམ་ཡང་སྐྲག་ནས་འགྱེལ་མི་སྲིད།
      ཆར་ཆུ་དང་ཁ་བ་རླུང་བུར་དང་མི་ཁ་མེད་པའི་རྔམས་ཁ་ནས།  ངས་དམར་ཆུང་གི་སེམས་པ་ཁ་བཏགས་དཀར་པོའི་རང་གཤིས་སུ་བརྫིས་ཏེ།  ཁྱོད་ལ་སྐྱབས་འཇུག་གི་ལྷ་རྫས་ཤིག་ཕུལ་ན་འདོད།
     འགྱུར་མེད་རྟག་བརྟན་གྱི་བརྩེདུངས་གངས་རིའི་རང་མདངས་སུ་བཅོལ་ཡང་།  མ་འོངས་འཇིག་རྟེན་ན་བསམ་གཞིག་གི་མཚོ་མོ་ལང་ལོང་དུ་འཕྱོ།  གང་ལྟར་ཀྱང་ངའི་ས་ཆེན་ན་གླུ་སྒྲ་དང་དྲོད་ཁོལ་ཡོད།
    དུས་དེ་ནས་བཟུང་།  ང་ཞོགས་པའི་བསང་མཆོད་ཀྱི་དུ་སྤྲིན་མཐའ་ཡས་པའི་རི་ཀླུང་གིས་བཀླུབས་ནས།  ངེད་གཉིས་ཀྱི་འཇིག་རྟེན་ལ་གསོལ་འདེབས་ཀྱི་ཐལ་མོ་སྙིང་ཁར་གླན།
    ངའི་ཚེ་སྲོག་གི་རྣམ་ཤེས་འཚོ་བའི་འགྱུར་ཁུགས་དང་བསྲེས་ཤིང་ངའི་ཚེ་སྲོག་གི་སྨྱུག་ཁ་སྙན་ངག་གི་བཞུར་རྒྱུན་དང་འདྲེས།  དེའི་ཕྱིར།  དུངས་སེམས་ཀྱི་འདུན་པ་ཡོད་ཚད་ཁྱོད་ལ་གཏན་དུ་སྦྲེལ་ཡོད་པས།  མཆི་མའི་ཆར་ཐིགས་རེ་རེའང་སྙན་ངག་བཞིན་འཇེབས་པའི་ལེགས་སྐྱེས་ཁོ་ནར་འཁུམས།
ང་ལ་དུངས་པའི་མི་དང་ང་ལ་དགའ་བའི་སྙིང་ཉེ་ཚོ།  ཁྱོད་ཀྱིས་བདག་ལ་ཡིད་ཆེས་བྱོས་དང་།  ཉིན་མཚན་བྲལ་བའི་སྐྱོ་སྡུག་གིས་མནར་ཚེ།  ཚེ་སྲོག་གི་རིན་ཐང་ཁྱོད་ལ་འབུལ་སྲིད།  བརྩེ་དུངས་ལ་དེ་ལས་དྲགས་པའི་ལེགས་སྐྱེས་དང་ཁ་སྐོང་ཡོད་དམ།།
  • ལེ་ཚན་སྔོན་མ།:རྩྭ་ཐང་གི་འཚོ་བ།
  • ལེ་ཚན་རྗེས་མ།:མཐོ་སྒང་ལགས། ཁྱེད་ཀྱི་དཔྱིད་དཔལ་གང་ན་ཡོད།