རྩྭ་ཐང་གི་འཚོ་བ།

(ཐུབ་བསྟན་གྱིས།)        2011-09-15

སྔོ་ལྗང་གཡུ་ཡི་མཎྜལ་ཐང་མ་བརྡལ་འདྲའི་མུ་མེད་ཀྱི་རྩྭ་ཐང་གི་སྟེང་དུ།  སྣ་མང་རྩྭ་འཇམ་མེ་ཏོག་ཁྲ་ཚོམ་བཞད་ཅིང་ཡིད་སེམས་གཏིང་ནས་སྤྲོ་སྣང་ལྷུག་པོར་སྐྱེས་པའི་དྲི་བསུང་འཐུལ།   སྨུག་ནག་བག་ཆགས་བལྟས་ན་ངོམས་པ་མེད་པའི་གསོན་ཤུགས་ཉམས་ཀྱིས་ཀུན་ནས་ཕྱུག་པའི་སྦྲ་ནག་གྲུ་བཞིའི་གུང་མཐོང་ནས་ཞི་བདེ་དབང་མེད་དུ་སྐྱེ་བའི་དུ་བ་ལྷོགལྷོག་ཏུ་དགུང་དུ་འཕྱུར་བར་འདྲེན་བྱེད་ཀྱི་ཡུལ་དུ་མངོན་ཞིང་།  རྟ་ནོར་ལུག་གསུམ་བག་ཕེབས་འགྲོས་ཀྱིས་རང་དབང་གིས་རྩྭ་ཆུ་ལོངས་སུ་སྤྱོད་ཅིང་རྩེད་འཇོ་གར་ལ་རོལ།  བར་སྣང་དབྱིངས་སུ་ཁྱབ་པའི་དྲི་ཟའི་རྒྱུད་མངས་སྐྱེངས་པ་སྟེར་བའི་རྫི་བོ་གཞོན་ནུའི་དགོ་དགོ་གླུ་དབྱངས་སྙན་གྱི་གསོས་སུ་སྨིན་པའི་ཚེ།  སྦྲ་ནག་གྲུ་བཞིའི་དྲོད་འཁོལ་གྱི་དཀྱིལ་ནས་མར་རྩམ་ཞིམ་པོའི་ལུས་ཟུངས་གསོ་ཡུལ་ཏེ་ཕ་ཡུལ་རྩྭ་ཐང་གི་འཚོ་བ་ཡིད་ལ་ལྷམ་མེར་འཆར་ཡོང་།  
རྩྭ་ཐང་གི་འཚོ་བ་ནི་ངའི་ཚེ་གཅིག་གི་རྣམ་ཤེས་འཁོར་ས་དང་ལུས་གཅིག་གི་ལྟེ་ཁྲག་འཕོ་བའི་གནས་རེད།  རེད་ཡ།   ངའི་ཕ་མེས་ཡང་མེས་རྣམས་ཀྱིས་འདོད་དགུའི་འབྱུང་གནས་རྩྭ་ཐང་འདི་ལ་བརྟེན་ནས་མཐོ་སྒང་གི་གྲུ་གཟིངས་ཏེ་ལུས་པོ་མགོ་མཇུག་ཐམས་ཅད་ཕུད་ཐ་ན་ལྕི་བ་ཡན་ཆོད་ཀྱང་བེད་སྤྱོད་བྱེད་ཆོག་པའི་རྩ་ཆེན་ནོར་ནག་དང་ལུག་གཙོ་བོར་བྱས་པའི་མཐོ་སྒང་གི་གྲང་ངར་དྲག་པོར་བཟོད་ཐུབ་པ་དང་།  གངས་དང་ཆབ་རོམ་གྱིས་ཁེངས་པའི་ཡུལ་ཕན་ཚུན་དུ་འགྲུལ་བཞུད་བྱེད་ཐུབ་པའི་སྒོ་ཕྱུགས་གསོ་སྐྱོང་བྱས་པ་རེད།   དེ་ལ་བརྟེན་ནས་འཚོ་བར་མཁོ་བའི་ཁ་རུ་ཟ་རྒྱུ་ཤ་མར་ཐུད་གསུམ་དང་འོ་ཞོ་ཕྱུར་གསུམ།   རྐང་ལ་གྱོན་རྒྱུའི་ལྷམ་དང་ལུས་སུ་གྱོན་རྒྱུའི་གོས་སོགས་མ་ཚང་བ་མེད་པར་རང་འཕེར་གྱིས་བཟོ་བསྐྲུན་བྱས།  
  • ལེ་ཚན་སྔོན་མ།:དགེ་རྒན་ལ་བརྩི་བཀུར་བྱ་རྒྱུ་སེམས་ལ་འཇོག་དགོས།
  • ལེ་ཚན་རྗེས་མ།:བརྩེ་དུངས་ཀྱི་ཐོག་མའི་བློས་བསླངས།