མཐོ་སྒང་ལགས། ཁྱེད་ཀྱི་དཔྱིད་དཔལ་གང་ན་ཡོད།

(ཅོ་ནེ་ཡུམ་ཚེས།)        2011-09-27

ཁུ་བྱུག་གི་སྙན་འགྱུར་ཁྲོད་དུ་དཔྱིད་ཀྱི་ཨ་མ་དལ་གྱིས་འཛུམ་པས།  རིང་ཞིང་འཇམ་པའི་ཨ་མའི་ཕྱག་ཟུང་གི་བྱིལ་བྱིལ་འོག་ནས།  སྐྱེ་དངོས་ཐམས་ཅད་ལྗང་མདོག་ཏུ་གྱུར་ལ།  འཚར་ལོངས་ཀྱི་འུར་སྒྲ་དིར་དིར་དུ་བསྒྲགས་བྱུང་།
     ཡིན་ན་ཡང་།  གོ་ལའི་རྩེ་མོར་གྱུར་པའི་སྐྱ་མདོག་གི་མཐོ་སྒང་།  ད་དུང་སྨུག་སྤྲིན་སྟུག་པོ་ཞིག་གི་ཁྲོད་དུ།  གྲག་འགུལ་ཅི་ཡང་མེད་པར་རྨི་ལམ་སྐྱིད་པོ་ཞིག་ལ་རོལ་འདུག    རྨི་ལམ་ཁྲོད་དུ།  ཁོ་ཚོས་མིག་ཐག་རིང་བའི་ལྗང་མདོག་གི་འཇིག་རྟེན་དེ་ལ་ཅེར།  གོམ་པ་དལ་གྱིས་བསྒྱུར་ནས་ལྗང་མདོག་གི་ཕྱོགས་དེར་བསྐྱོད་ཐུབ་པ་རིག་མ་མྱོང་ནའང་ཐག་རིང་འཇིག་རྟེན་དེ་དང་གནམ་སའི་བར་ན་བར་ཐག་ཡོད་པ་གོ་མྱོང་།
     དཔྱིད་ཀྱི་ཕོ་ཉས་སྤང་ཐང་བརྒྱུད་ནས་འགྲོ་དུས།  མཐོ་སྒང་ན་བདུད་ཀྱི་ཚོ་འཕྲུལ་ཟེར་བཞིན་འུར་ཟིང་གིས་ཁེངས་འདུག    དཔྱིད་ཀྱི་ཕོ་ཉ་ཐག་རིང་གནམ་མཐའ་བརྒྱུད་ནས་གྲག་དུས།  མཐོ་སྒང་ན་ལྷ་ཡི་ལུང་བསྟན་ཟེར་བཞིན་བྲེལ་ཟིང་གིས་ཁེངས་འདུག   དུས་བཞིའི་འགྱུར་བ་ལས་མཐོ་སྒང་ལ་ངོ་གདོང་རེ་ཡོད་མོད།  གངས་འཁྱག་ཀློང་ན་འཕག་འཚག་བྱེད་པའི་མཐོ་སྒང་ནི།  ཡི་དྭགས་ཤིག་དང་འདྲ་བར།  ཉིན་རེ་བཞིན་སྐམ་ཞིང་རིད་པ་དང་ལུས་པོ་སྐྱ་བོང་བོང་དུ་གྱུར་ཡོད།  དེ་བས།  ཡིད་སྐྱོ་བ་ནི།  གངས་འཁྱག་ཀློང་ན་འཚུབ་པའི་མཐོ་སྒང་གི་འཁྱག་རེངས་སུ་གྱུར་པའི་རྣམ་ཤེས་ཁྲི་སྟོང་མང་པོ་སྟེ། 
  • ལེ་ཚན་སྔོན་མ།:བརྩེ་དུངས་ཀྱི་ཐོག་མའི་བློས་བསླངས།
  • ལེ་ཚན་རྗེས་མ།: ནམ་ཡང་གསོན་པའི་རྣམ་ཤེས་ཤིག