མཐོ་སྒང་ལགས། ཁྱེད་ཀྱི་དཔྱིད་དཔལ་གང་ན་ཡོད།(2)

(ཅོ་ནེ་ཡུམ་ཚེས།)        2011-09-27


དྲོད་འཇམ་དང་ལྗང་མདོག་གི་དཔྱིད་དཔལ་ལ་མི་ཆགས་ཤིང་།  བདེ་འཇགས་དང་འབྲས་ལྡན་གྱི་སྟོན་ཁ་དེ་བས་ཀྱང་མི་འཚོལ།  ཅིའི་ཕྱིར།  མཐོ་སྒང་ན་ཉི་འོད་ཡོད་ལ་རྩི་ཤིང་ཡོད།  མཐོ་སྒང་ན་སྤང་ལྗོངས་ཡོད་ལ་ནོར་ལུག་ཡོད།  མཐོ་སྒང་ན།  འདས་ཟིན་པའི་མཐོ་སྒང་གོ་ལའི་རྩེ་མོ་ནས་ང་རྒྱལ་གྱིས་འགྱིང་མྱོང་མོད།  དེ་རིང་གི་མཐོ་སྒང་ན་འཚོ་ཞིང་གནས་པའི་ང་ཚོས་དེ་རིང་གི་མཐོ་སྒང་གླེང་དུས།  དེ་རིང་གི་མཐོ་སྒང་ཀླ་ཀློ་དང་རྨོངས་མུན་གྱི་གླིང་རེད།  དེ་རིང་གི་མཐོ་སྒང་ན་རྙིང་ཞེན་གྱི་གཅོང་རོང་ཡོད་ལ་ནང་འཁྲུག་གི་ཤྭ་འོད་བརྡོལ།  དེ་རིང་གི་མཐོ་སྒང་ན་རྨོངས་དད་ཀྱི་རྩྭ་ལྡུམ་སྐྱེས་ཤིང་བག་འཁུལ་གྱི་ན་འདམ་འཁྱིལ།  དེ་རིང་གི་མཐོ་སྒང་ན་ནང་རུལ་གྱི་སྤྲིན་ནག་འཁྲིགས་ཤིག་ཇག་རྐུན་གྱི་ཐོག་མདའ་རྒོད།  ཡིན་ན་ཡང་།  མཐོ་སྒང་ན་ང་ཚོའི་སེམས་གཏིང་གི་དཔྱིད་དཔལ་ཡོད་ལ་བདེ་སྐྱིད་ཀྱི་ཕུགས་རེ་ཡོད།
     མཐོ་སྒང་ཡ།  ཁྱེད་ཀྱི་དཔྱིད་དཔལ་གང་ན་ཡོད།  གོ་ཐོས་སུ།  ཁྱེད་ཀྱི་དཔྱིད་ཀྱི་ཕོ་ཉ་ནི་ཁྱེད་རང་གི་མགྲིན་ལམ་ན་ཡོད་ཟེར།  ཁྱེད་ཀྱི་དཔྱིད་ཀྱི་དཔལ་ཡོན་ནི་ཁྱེད་རང་གི་ཕྲག་པ་ན་ཡོད་ཅེས་པ་ཨེ་བདེན།
གྲང་ངར་གྱི་དགུན་གཞུང་ནས་ཁྱེད་རང་འཁྱག་རེངས་སུ་གྱུར་ཡང་།  ཚ་གདུང་གི་དབྱར་གཞུང་ནས་ཁྱེད་རང་ཚ་བས་གདུང་།  མཐོ་སྒང་ལགས།  ང་ཚོ་ནི་ཁྱེད་དང་དབྱར་དགུན་སྟོན་དཔྱིད་དུ་འགྲོགས་པའི་མ་འོངས་དཔྱིད་དཔལ་གྱི་དགོད་སྒྲ་ཡིན།  མཐོ་སྒང་ལགས།  ཁྱེད་ཀྱི་དཔྱིད་དཔལ་གང་ན་ཡོད།  འདི་ནི་ཁྱེད་ཀྱི་དཔྱིད་དཔལ་འཚོལ་མཁན་གྱི་གཞོན་ནུ་སྐོར་ཞིག་གི་གདུང་འབོད་ཡིན་ལ་ཁྱེད་ཀྱི་དཔྱིད་དཔལ་འཚོལ་མཁན་གྱི་གཞོན་ནུ་སྐོར་ཞིག་གི་དམ་བཅའ་རེད།
  • ལེ་ཚན་སྔོན་མ།:བརྩེ་དུངས་ཀྱི་ཐོག་མའི་བློས་བསླངས།
  • ལེ་ཚན་རྗེས་མ།: ནམ་ཡང་གསོན་པའི་རྣམ་ཤེས་ཤིག