ནམ་ཡང་གསོན་པའི་རྣམ་ཤེས་ཤིག

ཉན་ཤུལ་མཁྱེན་རབ་འོད་གསལ།        2011-11-29

 མགོ་སྨད་ཙོང་ཁའི་ཡུལ་དུ་སྲིད་པ་བཟུང་བའི་མཁས་དབང་དོན་གྲུབ་རྒྱལ་ནིབདེན་རྫུན་གྱི་དོན་ལ་རྣམ་པར་དཔྱོད་པའི་འཇུག་པ་ཟབ་ཅིང་ཡངས་པ།གཞལ་བྱ་གང་ལའང་ལུང་དང་གྲགས་པ་ཙམ་གྱི་རྗེས་སུ་མི་འབྲང་བ་དང་།  གཅམ་བུའི་ཚིག་གིས་རང་དོན་ཁོ་ན་བསྒྲུབ་ཆེད་རྩ་དོན་བློས་གཏོང་མི་བྱེད་པ་སོགས་ཁྱད་ཆོས་དུ་མས་ཕྱུག་པའི་དེང་རབས་ཀྱི་མཁས་དབང་ཞིག་ཡིན་ལ།རང་ཅག་གངས་ཅན་བོད་ཀྱི་ན་གཞོན་ཕུགས་རེ་ལྡན་པ་དུ་མའི་ཁྲོད་དུ་མདུན་སྐྱོད་ཀྱི་གོམ་པའི་འདེགས་འཇོག་ཐོག་མར་སྒྱུར་མཁན་ཞིག་ཀྱང་ཡིན།
ཁོང་འཇིག་རྟེན་མི་ཡུལ་དུ་བཞུགས་ཡུན་མི་རིང་ནའང་།བཞུགས་པའི་རིང་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་བོད་རྒྱའི་མཁན་དབང་མི་ཉུང་བ་ཞིག་གི་མདུན་ནས་གནའ་དེང་གི་ཤེས་བྱ་རིག་པའི་གནས་ཇི་སྙེད་ཅིག་བསླབས་པ་དང་།དེའང་བསླབས་པ་ཙམ་དུ་བཞག་པར།དོན་གང་ཡིན་ལ་དཔྱད་པ་གསུམ་གྱི་ལམ་ནས་བསྲེགས་བཅད་བརྡར་གསུམ་མཐར་ཕྱིན་པ་་བགྱིས་ཏེ།དོན་དངོས་དང་མི་མཐུན་པའམ་བོད་མི་རིགས་ཀྱི་ཡར་ཐོན་ལ་མི་ཕན་པའི་རིགས་མཐའ་དག་ལ་སྤོབས་པ་ཆེན་པོས་བརྒལ་བརྟག་བྱས་ནས་་་་རང་ཉིད་ཀྱི་ལྟ་ཚུལ་རྣམས་འཛེམ་མེད་དུ་འདོན་ཐུབ་པའི་སྙིང་སྟོབས་དང་ལྡན་པ་ཞིག་ཡིན།
དེ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་གསེར་ཐང་ལས།འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་མང་བོ་ཞིག་ལ་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་ཀྱི་གཏམ་རྒྱུད་ཆེས་མཚར་བ་དག་འབྲི་བ་དང་།གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་གསལ་ཐབས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ།ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པརའདོད་དོ།ཞེས་གསུངས་པའི་ཚིག་འདི་དོན་གྲུབ་རྒྱལ་གྱིས་དངོས་སུ་གཟིགས་ཡོད་པའི་ཚོད་དུ་མི་སྣང་ཡང་།ཁོང་རང་ཉིད་ཀྱི་རྩོམ་ཡིག་ཁག་གི་བརྗོད་བྱ་ནི་ལུང་དོན་དེའི་དགོངས་པ་དང་གཅིག་མཚུངས་ལྟ་བུར་གྱུར་ཡོད།
གཞན་ཡང་ཁོང་གི་རྩོམ་ཡིག་རྣམས་ཀྱི་བརྗོད་བྱ་ནི་འབྲེལ་མེད་ཀྱི་་་་་སྒྲུུང་གཏམ་དང་འདོད་གཏམ་ལྟ་བུ་མིན་པར་གང་བསྟན་བྱའི་དོན་དེ་ལ་་་་་་དགག་འོས་སུ་གྱུར་པ་ཞིག་མཆིས་དངོས་སམ་ཟོལ་གྱིས་གནད་ལ་ཁེལ་བ་དང་།མཚང་ཐོག་ཏུ་ཕོག་ཐུབ་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་ཞིང་།རྗོད་བྱེད་ཚིག་གི་སྦྱོར་བ་ཡང་སྔ་ཕྱི་འབྲེལ་ཆགས་ཤིང་།ཟློས་པའི་སྐྱོན་དང་བྲལ་བ།ཡུལ་གངས་ཅན་པའི་བརྡ་སྤྲོད་རིག་པའི་འགྲོས་དང་ཡོངས་སུ་མཐུན་པ་དང་།ཁྱད་པར་དུ་སྙན་ཚིག་གི་སྦྱོར་བ་སྙན་ཞིང་འཇེབས་ལ་དོན་གོ་སླ་བ་སོགས་གཟུར་གནས་སྐྱེ་བོ་ཀུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནུས་པའི་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ལྡན་པས།རྒྱལ་ཁབ་ཕྱི་ནང་གི་བློ་གཟུ་བོར་གནས་པའི་བོད་རིགས་དང་མི་རིགས་གཞན་པའི་དཔྱོད་ལྡན་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་འཐོར་མུས་སུ་མཆིས།
ཡིན་ནའང་ཁོང་བཞུགས་པའི་རིང་དང་།ཐ་ན་ད་ལྟའང་ལྐོག་ཏུ་ངན་སྨྲས་བྱེད་མཁན་ཉུང་ཤས་རེ་ཡོད་ཀྱང་།མི་དེ་ཚོས་ཁོང་དངོས་སུ་ཡོད་སྐབས་ངག་ཐོག་གམ་ཡིག་ཐོག་གང་རུང་ནས་དགག་པ་རྒྱག་མཁན་ནི་སུའང་བྱུང་མེད།དེའི་རྒྱུ་མཚན་ནི་དོན་གྲུབ་རྒྱལ་གྱི་འཇིག་རྟེན་ལྟ་ཚུལ་དེ་ནི་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་མི་རིགས་རྗེས་ལུས་ཀྱི་གནས་ལས་ཐར་ཐུབ་པའི་ཆེད་ཁོ་ན་ཡིན་པས་དེ་ལ་སུ་ཞིག་གིས་སུན་འབྱིན་ནུས།
དེ་འདྲ་ཡིན་ན་འགའ་ཞིག་གིས་ངན་སྨྲས་བྱས་པའི་རྒྱུ་མཚན་གང་ཡིན་སྙམ་ན།དེ་ལ་གཉིས་ཏེ།གཅིག་ནི་དོན་གྲུབ་རྒྱལ་གྱིས་བོད་ཀྱི་གནའ་དེང་གི་ལོ་རྒྱུས་ངོ་མ་དང་ཚན་རིག་གི་ལྟ་ཚུལ་ཐོག་ནས་དཔྱད་པ་ཞིབ་མོ་དང་རྣོ་པོ་བྱེད་པ་དེ་རྙིང་ཞེན་མཁན་འགའ་ཞིག་གི་ཁེ་ཕན་དང་མི་མཐུན་པས་ཁོང་ཚོའི་ཐུགས་ལ་མ་བབས་པ་ཙམ་དང་་། གཅིག་ནི་དོན་གྲུབ་ལོ་ན་གཞོན་པ་དང་།ཁོང་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་བྲིས་པའི་རྩོམ་ཡིག་རྣམས་ཀྱང་ཚིག་དོན་གཉིས་ཀའི་ཆ་ནས་འགྲན་ཟླ་བྲལ་བ་ཞིག་ཡིན་པས་ལོ་ན་རྒས་པ་མཆོག་ཏུ་འཛིན་མཁན་རེ་ཟུང་གིས་གཞོན་ནུ་མཁས་པ་སྤྱན་ལམ་དུ་མ་ཡོང་བ་ཙམ་ཡིན་ཞིང་།གོམས་གཤིས་འདི་འདྲ་ཞིག་བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྔར་ནས་ཡོད་པ་འདྲ་སྟེ།ས་པཎ་ཀུན་དགའ་རྒྱལ་མཚན་གྱིས།དེང་སང་དུས་ན་ལོ་གྲངས་རྒན་གྱུར་ན།བླུན་པོ་རྣམས་ཀྱང་གཙུག་ཏོར་ཇི་བཞིན་ཏེ།ཤེས་རབ་རྒྱ་མཚོའི་ངོས་ལྟར་ཡངས་པ་ཡང་།གཞོན་ནུར་གྱུར་ན་ཚད་མར་འཛིན་པ་དཀོན།།ཞེས་གསུངས་པ་ལྟར་ཡིན་པས།རྙིང་ཞེང་ཅན་གྱི་ཐུགས་ལ་མ་བབས་པ་ཡིན་ནའངའདྲ།གཞོན་ནུ་ཤེས་ཡོད་ཅན་སྤྱན་ལམ་དུ་མ་སོང་བ་ཡིན་ནའང་འདྲ།དེ་ཚོ་ཚང་མ་ཕྲག་དོག་གི་དབང་གིས་བདེན་དོན་འགོག་པ་དང་།ཚན་རིག་འགོག་པ་།རིགས་པ་འགོག་པ་བཅས་ཡིན་ཀྱང་དེ་ལ་དཔལ་ཆོས་ཀྱི་གྲགས་པས།ངོ་བོ་ཉིད་ལ་ཕྱིན་ལོག་གིས།།འབད་དུ་ཟིན་ཀྱང་མི་བཟློག་སྟེ།།བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ།།ཞེས་གསུངས་པ་ལྟར་སྔར་འཛམ་གླིང་ཧྲིལ་བོའི་ལོ་རྒྱུས་ཐོག་རྙིང་ཞེནམཁན་འདྲ་མིན་རྣམས་ཀྱིས་བདེན་དོན་དང་།དྲང་བདེན།ཚན་རིག རིགས་པ་བཅས་འགོག་པར་ངན་སྨས་ཙམ་གྱིས་མི་ཚད་པར།ཐོས་པ་ཙམ་གྱིས་འཇིགས་སྣང་སྐྱེ་དགོས་པའི་གནོད་འཚེ་སྣ་ཚོགས་བཏང་ཡོད་ཀྱང་མཐར་འཛམ་གླིང་ཧྲིལ་བོའི་ཁ་ཕྱོགས་དེ་བདེན་དོན་དང་།ཚན་རིག་གི་ཁ་ཕྱོགས་སུ་འགོག་མེད་དུ་ཕྱིན་པ་བཞིན།རང་རེ་བོད་མི་ཉུང་ཤས་ཀྱིས་མཁན་པ་དོན་གྲུབ་རྒྱལ་ལ་ངན་སྨྲས་སྣ་ཚོགས་བྱས་པ་དེའང་།མཐར་རྙིང་ཞེན་མཁན་ཚོ་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་དང་།སྔར་ལས་མང་བའི་བོད་གཞོན་རྣམས་མཁས་པ་དོན་གྲུབ་རྒྱལ་གྱི་གསར་བཏོད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་བྱེད་བཞིན་མདུན་དུ་བསྐྱོད་ངེས་ཡིན།
  • ལེ་ཚན་སྔོན་མ།:མཐོ་སྒང་ལགས། ཁྱེད་ཀྱི་དཔྱིད་དཔལ་གང་ན་ཡོད།
  • ལེ་ཚན་རྗེས་མ།:དུས་རབས་ཤིག་གི་ལྷ་སྒྲུང་། དོན་གྲུབ་རྒྱལ་དང་ཁོང་གི་མི་ཚེའི་རིན་ཐང་།