དོན་གྲུབ་རྒྱལ་ལགས་ནི་བོད་ཀྱི་དེང་རབས་རྩོམ་འབྱུང་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། ཁོང་གི་གྲུབ་འབྲས་དང་མཛད་རྗེས་ཀྱིས་ང་ཚོར་རྩོམ་རིག་གི་བགྲོད་ལམ་གསར་པ་ཞིག་མངོན་པར་བཏོད་ཡོད་པས། ང་ཚོས་ཇ་ཁ་ཆང་ཁར་ཡིན་ནའང་འདྲ། ང་ཚོས་འགྲོ་ཞོར་འདུག་ཞོར་དུ་ཡིན་ནའང་འདྲ། བོད་ཀྱི་རྩོམ་རིག་གསར་པའི་སྐོར་གྱི་གླེང་མོལ་ཕྲན་ཙམ་བྱེད་དུས་ཀྱང་། ཐོག་མར་དྲན་པའི་མཁའ་ངོགས་སུ་བྱ་རྒྱལ་རྒོད་པོ་བཞིན་རང་དབང་གིས་འཕུར་ཡོང་བ་ནི་རྩོམ་མཁན་དོན་གྲུབ་རྒྱལ་ཁོང་ཉིད་ལགས། དེར་བརྟེན་ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་བྱེད་དུས་ཁོང་ཉིད་ནི་ནམ་ཡང་གཡོལ་མི་རུང་བའི་བརྗོད་གཞི་ཉག་གཅིག་གོ། ད་ལྟ་རྩོམ་མཁན་ཁོང་ཉིད་འཇིག་རྟེན་མི་ཡུལ་དང་ཁ་བྲལ་ནས་ལོ་འཁོར་༢༠ལོན་པའི་སྐབས་འདིར་ཁོང་ལ་རྗེས་དྲན་ཞུ་བ་ནི་ཧ་ཅང་གིས་དགོས་གལ་ཆེ་སྟེ། འདི་ནི་ང་ཚོས་ཁོང་ཉིད་ཀྱི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་བརྩི་འཇོག་གནང་བའི་མཚོན་རྟགས་ཤིག་ཀྱང་ཡིན་ནོ། །
དོན་གྲུབ་རྒྱལ་ལགས་གླེང་དུས་ང་ཚོས་ལོ་རབས་བརྒྱད་ཅུ་པའི་ན་གཞོན་ཚོའི་སྙིང་སྟོབས་དང་སྤོབས་པ་ཝ་ལེར་དྲན་འོངས་ཏེ། ཁོ་ཚོ་ནི་བོད་ཀྱི་དེང་རབས་ཤེས་རིག་གི་ལོ་རྒྱུས་སྟེང་གི་དཀྱོགས་མཚམས་ཆེས་ཆེ་བ་དང་། རང་ཉིད་ཀྱི་བདེ་སྡུག་དང་ལས་དབང་གཞན་ལ་མི་བརྟེན་པར་རང་ཉིད་ཀྱིས་ཁ་ལོ་བསྒྱུར་ཅི་ཐུབ་བྱེད་པར་འབད་པའི་དཔུང་སྡེ་དང་པོ་རེད། ལོ་རབས་དེའི་ནང་དོན་གྲུབ་རྒྱལ་ལས་ཤེས་ཡོན་གྱིས་ཕྱུག་ཅིང་ལྟ་རྒྱ་མཐོང་རྒྱ་ཆེ་བའི་ཤེས་ཡོན་ཅན་མེད་ཅེས་ཁོ་བོ་ནམ་ཡང་དོགས་པ་མི་ཟ། ཡིན་ནའང་དོན་གྲུབ་རྒྱལ་བཞིན་གསར་གཏོད་དང་དོགས་སློང་། དགག་སྒྲུབ་བཅས་ཀྱིས་སྙིང་སྟོབས་ལྡན་པའི་ཤེས་ཡོན་ཅན་མེད་པ་ནི་ལོ་རྒྱུས་ཀྱིས་ང་ཚོར་ར་སྤྲོད་བྱས་ཡོད་པ་དང་། རྒྱུ་རྐྱེན་དེའི་དབང་གིས་དོན་གྲུབ་རྒྱལ་ཁོང་ཉིད་རིག་གནས་གསར་པའི་དར་ཆ་མཁའ་ལ་འཕྱར་མཁན་ཨང་དང་པོ་རེད་ལ། ལོ་རབས་བརྒྱད་ཅུ་པ་ནི་དོན་གྲུབ་རྒྱལ་གྱི་དུས་རབས་ཞེས་བརྗོད་ཅིང་འགལ་བ་མེད་སྙམ། ཁོང་ཉིད་ཤ་དར་ཁྲག་དར་གྱི་དཔུང་སྡེ་དེའི་ཁྲོད་ཆས་སྔོན་དུ་འགྲེང་བའི་གདོང་མཆོང་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་བཏོན་པའི་ནུས་པ་ནི་གཞན་དག་ལས་ཁྱད་དུ་འཕགས་པ་ཡིན་ཏེ། བརྩམས་སྒྲུང་གསར་པ་དང་ལྷུག་རྩོམ་གསར་པ། སྙན་ངག་གསར་པ། ཁ་ཤགས། གཞས་ཚིག་སོགས་རྩོམ་རིག་སྒྱུ་རྩལ་གྱི་ཕྱོགས་སྒོ་མོ་ཀུན་དང་། ད་དུང་རིགས་གཞུང་ཞིབ་འཇུག་བཅས་ཀྱི་ཐད་དུའང་གཞན་དྲིང་མི་འཇོག་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་རེད། དེའང་མཐར་གཏུགས་ན་ཁོང་ལ་གསར་གཏོད་ཀྱི་སྙིང་སྟོབས་ཆེན་པོ་ཞིག་ལྡན་པས་རེད། དོན་གྲུབ་རྒྱལ་དོན་གྲུབ་རྒྱལ་ཁོང་གིས་ཀྱང་གསར་གཏོད་ཀྱི་སྟོབས་མེད་ན། དྲང་བདེན་ཟེར་བ་ཡང་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད་ཅེས་གསར་གཏོད་ཀྱི་སྙིང་སྟོབས་ནི་ཡོད་ཚད་ཀྱི་གཞི་རྩ་ལྟ་བུ་ཡིན་ཅིང་ངེས་པར་དུ་མཁོ་བའི་འབོད་སྐུལ་བཏང་འདུག
རྩོམ་མཁན་ཞིག་ཡིན་ན་ཁོང་གི་མི་ཚེ་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་གྱིས་རང་གི་གསར་རྩོམ་གྱི་ཁ་ཕྱོགས་ཐག་གིས་བཅད་ཡོད་དེ། ང་ཚོས་དོན་གྲུབ་རྒྱལ་གྱི་གསར་རྩོམ་བཤུལ་ལམ་ལ་ཕྱིར་ལྟ་ཞིག་བགྱིས་ན་དོན་གྲུབ་རྒྱལ་ཡང་དེ་ལྟ་རེད། ཁོང་གི་སྨྱུ་གུའི་མདུང་ཁ་གཏོད་ཡུལ་ནི་གཙོ་བོ་བོད་ཀྱི་སྤྱི་ཚོགས་སྟེང་གི་ཚུལ་མིན་གྱི་བྱ་སྤྱོད་དང་། རྨོངས་མུན་གྱི་རྣམ་པ། བརྩེ་དུངས་ལ་རང་དབང་མེད་པ་བཅས་ཀྱི་རྣམ་པ་སྡུག་པོ་དེ་རེད། དེར་དཀར་པོ་གྱེན་འདེད་དང་ནག་པོ་ཐུར་འདེད་ཀྱི་དཔེ་ལྟར་དགག་རྒྱག་དང་སུན་འབྱིན་བྱེད་རྒྱུར་ཁོང་གི་རང་ཉིད་ཀྱི་འགན་ཁུར་ལྟ་བུའི་འདུ་ཤེས་བཟུང་འདུག ཁོང་གི་བརྩམས་ཆོས་<<སྤྲུལ་སྐུ>><<ལང་ཚོའི་རྦབ་ཆུ>><<སད་ཀྱིས་བཅོམ་པའི་མེ་ཏོག>><<རྐང་ལམ་ཕྲ་མོ>>སོགས་གང་ལ་བལྟས་ཀྱང་ཐུན་མོང་གི་མྱོང་བ་འདི་ཙམ་རྒྱུད་ལ་འདྲོངས་ཐུབ། ལྷག་པར་དུ་ཁོང་གི་<<ལང་ཚོའི་རྦབ་ཆུ>>དེ་དུང་བརྡ་ཞིག་ཡིན་པའི་དབང་དུ་བཏང་ན། ལྷ་ལ་བསྟོད་པ་བྱེད་པ་མ་ཡིན་ལ། འདྲེ་ལ་དམོད་མོ་བྱེད་པའང་མིན་པར་གངས་ཅན་གྱི་གཞོན་ནུ་རྣམས་ལ་བསྒྲགས་པའི་ལང་ཚོའི་བསྒྲགས་གཏམ་ཡིན་ལ། ཁོ་ཚོར་བསྟོད་ཚིག་ཕུལ་པ་དང་འབོད་སྐུལ་བཏང་བའང་ཡིན་པས། གངས་ལྗོངས་ཧྲིལ་པོར་གཡོ་འགུལ་ཆེན་པོ་ཐེབས་ཤིང་། དེ་མ་ཐག་རང་རེའི་རྩོམ་རིག་གསར་པའི་ཞིང་ས་ཀུན་ལ་གསོན་ཤུགས་དྲག་ཏུ་རྒྱས་པ་དང་དཔལ་འབར་བར་གྱུར་ཅིང་། སྙན་ངག་ཅེས་པའི་རྩོམ་ལུས་འདིར་ཤི་འཐམ་རོ་འཐམ་བྱེད་པའི་དཔུང་སྡེ་རབ་དང་རིམ་པ་བྱུང་ནས། སྙན་ངག་གསར་པ་འབྲི་བ་ནི་མི་རིགས་ཀྱི་ལ་རྒྱ་བརྗོད་པ་དང་དེ་འབྲི་མཁན་ནི་མི་རིགས་ལ་བརྩེ་དུངས་ཡོད་མཁན་ཞིག་ཏུ་རྩི་བཞིན་ཡོད། དོན་ངོ་མ་དེ་ལྟ་ཡིན་ཀྱང་ཆོག་ལ་མིན་ཀྱང་རུང་། གང་ལྟར་དོན་གྲུབ་རྒྱལ་ཁོང་ཉིད་ཀྱིས་ང་ཚོར་དེ་ལྟ་བུའི་ཁོར་ཡུག་གསར་པ་ཞིག་བསྐྲུན་པར་སུ་ཡིས་ཀྱང་བསྒྲུན་མི་ནུས། རྩོམ་རིག་དཔྱད་བརྗོད་སྤེལ་མཁན་ཁ་ཤས་ཀྱིས<<ལང་ཚོའི་རྦབ་ཆུ>>ཡིས་ཐོན་པའི་ནུས་པ་ནི་བརྩམས་ཆོས་རང་སྟེང་ལས་བརྒལ་འདུག་ཅེས་བརྗོད་ཅིང་། ལ་ཤས་ཀྱིས་རྩོམ་ལུས་འདི་ལ་ད་དུང་རང་གྲོལ་སྙན་ངག་ཅེས་འབོད་པས་ཀྱང་ཡོད་ཚད་ར་སྤྲོད་བྱས་འདུག དེ་བཞིན་ཁོང་གི་བརྩམས་སྒྲུང<<སྤྲུལ་སྐུ>>ལྟ་བུར་མཚོན་ན་ཐད་ཀར་སྤྱི་ཚོགས་སྟེང་གནས་པའི་དོན་རྐྱེན་ངོ་མར་གཞི་བཅོལ་ནས་ཐེར་འདོན་དང་དགག་གཞག་སྤྲོས་ཡོད་པས་(དོན་དུ་སྤྲུལ་སྐུ་རྫུན་མ་ཞིག་ཡིན)ལོ་རབས་དེར་ཁོང་ཉིད་མི་ནས“འདྲེ”རུ་བསྒྱུར་མཁན་ཡང་གཅིག་མིན་གཉིས་མིན་དུ་བྱུང་སྐད། དོན་དམ་དུ་སྒྲུང་གཏམ་གྱིས་དོ་ཁུར་བྱས་ཡུལ་ནི་མི་ཡིན་ལ། རྩོམ་པ་པོས་རྩོམ་འབྲིའི་དམིགས་ཡུལ་ནི་བྱུང་རིམ་རགས་རྒྱས་གང་རུང་ལ་བརྟེན་ནས་དཔེ་སྣ་ཞིག་བཞེངས་བསྐྲུན་བྱེད་པ་དང་། ཀློག་པ་པོའི་སྤྱི་ཚོགས་དང་འཚོ་བར་ངོས་འཛིན་འཐོབ་པར་རོགས་རམ་བྱེད་པ་དང་། ཀློག་པ་པོར་ཉམས་མྱོང་འདོན་སྤྲོད་བྱས་ཏེ་ཀུན་སྤྱོད་དང་བསམ་བློ་གང་ཐད་ནས་དགེ་མཚན་ལྡན་པའི་བག་ཆགས་ཤིག་འཇོག་རྒྱུ་དེ་ལགས། དོན་གྲུབ་རྒྱལ་ཁོང་ཉིད་ཀྱི་ཀུན་སློང་ཡང་དེ་ལས་མ་འདས་མོད། ཡིན་ན་ཡང་ཁོང་གི་སེམས་ཀྱི་སྒྲ་དབྱངས་ལ་རྣ་བ་བླགས་ནས་ཉན་མཁན་མང་པོ་མེད་པར་དེ་ལས་ལྡོག་སྟེ་ཀུ་ཅོ་སྣ་ཚོགས་བཏོན་ཅིང་། ད་དུང་ཁོང་ཉིད་ལ་འཇིགས་སྐུལ་གཏོང་བའི་སྦྱོར་བ་ཡང་བཤམས་གྲབས་སྐད། རྩོམ་མཁན་ཞིག་ལ་མཚོན་ན་གཞན་གྱིས་རང་གི་བརྩམས་ཆོས་ལ་གོ་བ་ཡང་དག་མི་ལོན་པའི་ཁར་ལྡོག་ཕྱོགས་ནས་ལོག་འགྲེལ་རྒྱག་པ་དང་། ད་དུང་དུས་རབས་ཀྱི་ཉེས་ཅན་དུ་བགྲངས་ཚེ། དེ་ནི་བཟོད་དཀའ་བའི་ན་ཟུག་ཅིག་ཡིན་པ་གདོན་མི་ཟ་མོད། འོན་ཀྱང་སྐབས་དེའི་སྤྱི་ཚོགས་དེ་ལ་མཚོན་ན་ན་ཟུག་ཙམ་ཡང་མེད་པར་འཐོམ་སྦྲིད་དུ་གྱུར་འདུག་པས་ལྷག་ཏུ་སྐྱོ་ཨང་། ཁོང་གི<<རྐང་ལམ་ཕྲ་མོར>>མཚོན་ན་བགྲོད་ལམ་ཆེ་ཆུང་གཉིས་ཀྱི་གཏམ་རྒྱུད་བརྒྱུད་ནས་འཇིག་རྟེན་ལྟ་ཚུལ་གཉིས་གསེད་བགྲོལ་བྱས་འདུག་ལ། ཁོང་གི་འདམ་ཀ་དང་ཁོང་གི་ལྟ་བ། ཁོང་གི་བསམ་བློ་སོགས་ཀྱང་བགྲོད་ལམ་ཆེ་ཆུང་གཉིས་ཀྱི་སྟེང་ནས་མངོན་པར་བསྟན་འདུག་པ་རེད།
དཔྱད་བརྗོད་པའི་སྡེ་ན་ད་དུང་ཁོང་གི་<<རྐང་ལམ་ཕྲ་མོ>>ལས་ལྷག་པའི་ལྷུག་རྩོམ་ཡག་ཤོས་ཤིག་བྱུང་མེད་ཅེས་བརྗོད་པ་ཡང་གསེར་ཞིང་ནོར་བུས་སྤྲས་པ་མ་ཡིན་པར་དོན་དངོས་སོ། ། དོགས་སློང་མཁན་ཞིག་གི་ངོས་ནས་བཤད་ན། ། ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་དང་སྐུ་ཞབས་ཟླ་བ་བློ་གྲོས་སོགས་ལ་སྤྲིངས་པའི་འཕྲིན་ཡིག་དག་ལས་ཁོང་གི་ཐེམ་པའི་སྒང་གི་རིལ་མ་ལྟ་བུ་ཞིག་མ་ཡིན་པར་ཡིད་ཀྱི་དཔྱོད་པ་བརྒྱུད་ནས་རང་གི་ལྟ་ཚུལ་གསོང་བོར་བརྗོད་ཡོད་པ་ལས་ཀྱང་དོགས་སློངཔ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་ལ། ཁོང་ཉིད་རྩོམ་མཁན་ཞིག་ནས“སྣང་ཚུལ”རིགས་ཤིག་ཏུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཡང་གོང་གི་འདི་དག་གི་སྟེང་ནས་མཚོན་པ་ཡིན་ལས་ཆེ།
ངོ་མ། དུས་ཚོད་ཀྱི་འགྲོས་ནི་ཅི་འདྲའི་མགྱོགས་པ་ལ་ཨང་། མིག་རྡེབ་དབང་ཙམ་གྱིས་རིང་ལ་རང་གི་རིགས་ལ་ཞེན་པ་དཀར་ཞིང་། སེམས་ཁོང་ན་ལ་རྒྱའི་ཤྭ་འོད་དྲག་ཏུ་བརྡོལ་བའི་རིག་པའི་དཔའ་བོ་ཞིག་དང་། རྩོམ་རིག་ལས་དོན་ལ་ཤ་ཐང་ཐང་དུ་འབད་པར་བྱེད་པའི་རྩོམ་མཁན་ཞིག་མཐོ་སྒང་མ་མའི་པང་དང་བྲལ་ཏེ་ལོ་ཡི་འཁོར་མོ་ཉི་ཤུ་འདས་སོང་། ཁོང་གིས་ཚད་ཡོད་གྱི་མི་ཚེ་ཐུང་ངུའི་ནང་རང་གི་ལང་ཚོའི་འོད་སྣང་ཡོད་ཚད་གངས་རིའི་ལྗོངས་སུ་གཏོར་ཅིང་། ཐ་ན་རང་གི་ཚེ་སྲོག་ཀྱང་འདས་འདིར་“དམར་མཆོད”བྱས་ཚར་བས་ཁོང་གི་རིན་ཐང་དེ་ཡང་རྩོམ་རིག་གི་ཁྱབ་ཁོངས་ཙམ་ལས་འདས་སྟེ་མི་གཤིས་མཐོ་ཚད་ཅིག་ཏུ་བཞེངས་སྐྲུན་བྱས་ཡོད། དེ་ཡང་དོན་གྲུབ་རྒྱལ་ཁོང་ཉིད་གཤེགས་པའི་རྗེས་སུ། ཁོང་གི་བརྩམས་ཆོས་ལ་ལད་ཟློས་བྱེད་མཁན་རྒྱུན་མ་ཆད་ལ། སློབ་གྲྭ་ཆེ་འབྲིང་ཁག་ཏུ་ཁོང་ལ་རྗེས་དྲན་ཞུ་བའི་མཛད་སྒོ་རྒྱ་ཆེ་ཆུང་གང་མང་བསྡུས་ཤིང་། རྗེས་དྲན་དེབ་ཀྱང་སྣུམ་དཔར་ལྕགས་དཔར་སྣ་ཚོགས་བྱུང་མྱོང་བ་མ་ཟད། ཁོང་གི་འདས་རྐྱེན་ཡང་ཀུན་གྱི་བརྗོད་གཞིར་གྱུར་ནས་བཤད་རྒྱུད་མི་གཅིག་པ་མང་དུ་འདུག ཁ་ཤས་ཀྱིས་དོན་གྲུབ་རྒྱལ་གཤེགས་མི་འདུག རྒྱ་གར་ན་ཡོད་པ་མི་ཆེ་གེ་མོས་དངོས་སུ་མཐོང་མྱོང་ཟེར་ཞེས་བཤད་པའང་ཁོ་བོས་ཐོས་མྱོང་ལ། ད་དུང་ཁ་ཤས་ཀྱིས་དོན་གྲུབ་རྒྱལ་ནི་ངའི་གྲོགས་པོ་ཡིན་ཅེས་བརྗོད་པ་དང་། ངས་ཁོང་དང་མཉམ་དུ་ཨ་རག་འཐུང་མྱོང་ཞེས་ངོམ་སོ་བྱེད་ཅིང་རང་གི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་པ་རེད། གང་ལྟར་དོན་གྲུབ་རྒྱལ་ཁོང་ཉིད་ང་རྒྱལ་དང་སྐྱོ་གདུང་། ཁེར་རྐྱང་དང་ན་ཟུག་བཅས་ཀྱིས་སྒོ་ནས་ང་ཚོ་དང་གཏན་དུ་བྲལ་སོང་མོད། མི་བུ་ཅི་འདྲའི་མང་པོ་ཞིག་གིས་ཁོང་ཉིད་ལ་བསྟོད་གླུ་འབུལ་ཞིང་། བརྩི་བཀུར་བྱེད་ལ། དང་རྟེན་བྱེད་མཁན་ཡང་ཡོད་པ་འདིས་ཀྱང་ཁོང་གི་རིན་ཐང་གི་ཆ་ཤས་ཙམ་ཅིས་ཀྱང་རྟོགས་ཡོང་ལ། དོན་གྲུབ་རྒྱལ་སྐུ་གཤེགས་པ་དེ་ཁོང་ཉིད་སྐུ་གཤེགས་པ་ཙམ་མ་ཡིན་པར་དེ་དང་ལྷན་དུ་ང་ཚོའི་རང་ཉིད་ཀྱི་ཆ་ཤས་མང་པོ་ཞིག་ཀྱང་ཤོར་སོང་བའི་ངེས་ཤེས་རྙེད་ཐུབ་ཚེ། དེ་རིང་ད་དུང“འཚོ་ཞིང་གཞེས་པའི་ང་ཚོས”རང་ཉིད་ལ་ཞིབ་ལྟ་དང་། མིག་ཟུང་ཆེས་ཆེར་གདངས་ནས་ཚེ་སྲོག་ལ་གོ་བ་གསར་དུ་རྙེད་ཐུབ་ཨང་།
དོན་གྲུབ་རྒྱལ་ལགས་ལ་ཞིབ་འཇུག་བྱེད་པ་དེ་རིག་ཚན་ཞིག་ཏུ་བཀོད་ནས་ཞིབ་འཇུག་བྱེད་པའི་དགེ་བ་ཆེན་པོ་ཡོད་དེ། དོན་གྲུབ་རྒྱལ་ཁོང་ཉིད་ཡིན་ནའང་འདྲ། ཁོང་གི་བརྩམས་ཆོས་ཡིན་ནའང་འདྲ། ང་ཚོའི་དེང་རབས་རྩོམ་འབྱུང་ལོ་རྒྱུས་དང་སྤྱི་ཚོགས་སྟེང་བཞག་པའི་དོན་སྙིང་དང་བག་ཆགས་སུ་དེ་སུ་ཡིས་ཀྱང་བསྒྲུན་དུ་མེད་དེ།“རང་གྲོལ་ཞིབ་འཇུག”གི་གླེང་སློང་མཁན་སྐུ་ཞབས་ཨ་བུ་ལགས་ནས་ཀྱང་“དོན་གྲུབ་རྒྱལ་ལ་ཞིབ་འཇུག་དང་ཁོང་གི་རིན་ཐང་སྔོག་འདོན་བྱེད་རྒྱུ་དེ་ཁོས་མི་ཚེ་གང་བོར་བསྒྲུབས་ཀྱང་འགྲུབ་དཀའ”ཟེར། དེ་བས་ང་ཚོ་མི་མང་པོ་དཔུང་སྡེ་འདིའི་ཁྲོད་དུ་ཞུགས་ནས་རང་གྲོལ་ཞིབ་འཇུག་གི་མ་ལག་འཐུས་ཇེ་ཚང་དང་གྱ་ཇེ་ནོམ་དུ་གཏོང་བའི་འགན་ཁུར་ཡོད་པ་རེད། ང་ཚོས་ཁོང་ཉིད་གཤེགས་ཉིན་ཏེ་ཟླ༡༡པའི་ཚེས་༣༠(ཚེས་༢༩དང་ཚེས་༣༡ལ་ངོས་འཛིན་མཁན་ཡང་ཡོད།)ཉིན་རང་རེའི་བོད་ཀྱི་རྩོམ་རིག་གི་དུས་ཆེན་ཞིག་ཏུ་གཏན་ཁེལ་བྱེད་ཐུབ་པ་བྱུང་ཚེ་རྩོམ་མཁན་ཁོང་ལ་མར་མེ་སྟོང་ཕྲག་སྒྲོན་པ་ལས་ཀྱང་དོན་སྙིང་ཆེ་བར་བསམས།
དོན་གྲུབ་རྒྱལ་ལགས་ཀྱི་བརྩམས་ཆོས་ལས་མི་འདས་ས་དང་ཞན་ཆ་མེད་པའང་མ་ཡིན་ཏེ། དཔེར་ན། ཁོང་གི་བརྩམས་ཆོས་མང་ཆེ་ཤོས་སུ་བསམ་བློ་སྟོན་པ་ལས་ཚོར་འདུ་བརྗོད་པ་ཤུགས་དྲག་ཅིང་། ཁོང་གི་སྨྱུག་འོག་གི་མི་སྣ་མང་ཆེ་ཤོས་ཚོན་སྣ་གཅིག་གིས་བྲིས་པའི་རི་མོ་ཞིག་དང་འདྲ་བར་རང་རང་ཐུན་མིན་གྱི་ཁྱད་ཆོས་ཆེན་པོ་མེད་པར་ཆིག་རྐྱང་པའི་ཚུལ་དུ་མངོན། ཡིན་ནཡང་སྐྱོན་ཆ་འདི་ཙམ་གྱིས་ང་ཚོ་ཁོང་གི་བརྩམས་ཆོས་ཀློག་པར་དགའ་བ་དང་། ཁོང་གི་ལག་རྗེས་ལ་བརྩི་བཀུར་བྱེད་པ། ཁོང་ལ་རྗེས་དྲན་ཞུ་བ་སོགས་ཀྱི་སེམས་འདུན་ལ་བཀག་འགོག་ཐེབས་མི་སྲིད་པས། ཁོ་བོས་སེམས་ཁོང་རུས་པའི་གཏིང་ནས་དོན་གྲུབ་རྒྱལ་མཆོག་ལ་གུས་འདུད་ཞུས་པ་ཡིན།