དཔལ་དོན་གྲུབ་རྒྱལ་གྱི་ལེགས་བཤད་གསེར་ཞུན་ཐིགས་པ།

ཁམས་པའི་དྲ་བའི་རྩོམ་སྒྲིག་པ་ཡིས་བསྡུས།        2011-11-30

བསྟོད་པ་བྲིས་ན་ལོས་ཆོག་ཀྱང་།ཧ་ཅང་བསྟོད་པ་ཐལ་ཆེ་ན།གང་གཱའི་ཆུ་བོ་རྒྱ་མཚོར་བཞིན།།སྨད་པའི་བ་ཚྭར་ངེས་པར་འགྱུར།       བསྟོད་པ་བཀླགས་པའི་འཆར་སྣང་ལས་བཤུས།
ཁོ་བོ་ནི་བསྟོད་སྨད་ཀྱི་འབེན་དུ་གྱུར་ཀྱང་རུང་གིས་ཚེ་འདིར་ནི་དེ་དག་གི་ལྡོག་ཟླར་མཐའ་གཅིག་ཏུ་ལངས་རྩིས་ཡོད།             གྲོགས་པོ་གསང་བདག་ལ་བསྐུར་བའི་འཕྲིན་ཡིག་ལས་བཤུས།
     ལྟ་ཚུལ་གསར་པ་ཞིག་དང་།ལྟ་བ་གསར་པ་ཞིགའདོད་ཚུལ་གསར་པ་ཞིགལྷག་བསམ་གསར་པ་ཞིག་བྱུང་བའི་ཚེ་ན།རང་རེས་སེམས་ཀྱི་སྣོད་མི་བཟེད་པ་དང་།ཡིད་ཀྱི་སྒོའང་དམ་པོར་གཏན་པ་འདི་ནི།ཤིན་ཏུ་མི་འོས་པའི་གནས་ཤིག་རེད།                        རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་བསྟོད་ཚིག་ལས་བཤུས།
     གསར་བྱུང་གི་སྟོབས་ཤུགས་མེད་པ་ཡིན་ན།རྒྱ་མཚོ་ཡིན་ཀྱང་རུལ་བར་གྱུར་ལ།གསར་བསྟོད་ཀྱི་སྙིང་སྟོབས་མེད་པ་ཡིན་ན།གསར་པ་ཡིན་ཀྱང་སྙིང་པོ་ག་ལ་ཡོད།               གོམས་གཤིས་ལགས།བདག་གི་སྙིང་གཏམ་འདི་ལ་གསོན་ཞེས་པ་ལས་བཤུས།
     ལ་རྒྱ་ནི་རང་རེའི་བླ་སྲོག་ཡིན་པ་དང་།ང་རྒྱལ་ནི་རང་གི་གཟི་བརྗིད་རེད།ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་།ཁ་བ་ཅན་གྱི་ལ་རྒྱའི་དཔུང་པ་དེ།གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན།རང་གི་གཟི་བརྗིད་དང་མེས་རྒྱལ་གྱི་ལ་རྒྱ་ཡང་རེད།   རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་བསྟོད་ཚིག་ལས་བཤུས།
   རང་ཉིད་ཀྱི་རང་ཚུགས་དོར་བ་དང་།མི་རིགས་ཀྱི་ལ་རྒྱ་དོར་ཞིང་།ངའོ་སྙམ་པའི་ང་རྒྱལ་གྱིས་ཁེངས་ནས།བག་ཏུ་འཁུམ་པའི་བཟོ་ལྟ་དེ་མཛེས་སམ།                       གོམས་གཤིས་ལགས།བདག་གི་སྙིང་གཏམ་འདི་ལ་གསོན་ལས་བཤུས།
   རང་རིགས་འདི་སྔར་བཞིན་རྨོངས་མུན་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་།དེའི་དོན་དུ་ཁོ་བོས་ཀྱང་རྩོམ་་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོའི་གོ་རྟོགས་དེ་སད་ན་སྙམ་ཡང་།ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན།ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་གིས་མཆོད་སྦྱིན་བྱས་ཏེ་དུང་བརྡ་གསལ་པོ་ཞིག་བསྒྲགས་པ་ཙམ་མོ།     ཞལ་ཆེམས་ཡི་གེ་ལས་བཤུས།
     མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ།བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད།རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ།དུས་དང་མཐུན་པའི་སྲོག་གི་དབང་པོ་མ་ཞུགས་ན།ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ།སྔོན་མཐུན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང་།མདུན་བསྐྱོད་ཀྱི་གོམ་པ་ནི་དེ་བས་ཀྱང་ངོ།    ལང་ཚོའི་རྦབ་ཆུ་ལས་བཤུས།
     རྙིང་ཞེན།བག་འཁུམ།རྨོངས་དད།ལེ་ལོ།ང་ཚོའི་མི་རབས་འདིར་འཇུག་ཡུལ་གཏན་ནས་མེད།རྗེས་ལུས།ཀླ་ཀློ།མུན་ནགལོག་སྤྱོད།ང་ཚོའི་དུས་རབས་འདིར་གནས་ས་ཡེ་ནས་མེད།   ལང་ཚོའི་རྦབ་ཆུ་ལས་བཤུས།
     གྱ་གྱུའི་རྐང་ལམ་འདི་ནི་ཁྱོན་དོག་ཅིང་ལ་གཟར་ལ་ཁུག་པ་མང་ན་ཡང་།ཐེངས་དང་པོར་ལམ་ཕྲན་འདིའི་ཐོག་ཏུ་རྐང་རྗེས་བཀོད་པའི་གནའ་མི་དེའི་སྤོབས་པ་ཅི་འདྲ་མཐོ་ཞིང་སྙིང་སྟོབས་ཅི་འདྲ་ཆེ་བ་དང་།ཐེངས་དང་པོར་ལམ་ཕྲན་འདི་དེད་ནས་རི་རྩེ་ལ་སླེབས་པའི་དཔའ་བོ་དེའི་བློ་རྒྱ་ཅི་འདྲ་ཆེ་ཞིང་མིག་རྒྱང་ཅི་འདྲའི་རིང་བ་ཞིག་རེད་ཨང་།རྐང་ལམ་ཕྲ་མོ་ལས་བཤུས།
     ཁྲེལ་མེད་ཀྱི་མི་རྣམས་ཨ།ཁྱོད་ཚོས་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཤེས་པ་ལས།དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་མི་བྱེད་པར་མ་ཟད།ད་དུང་འཁང་ར་དང་སྡང་སེམས་འཛིན་དོན་ཅི་ཡོད།ཁྱོད་ཀྱིས་གནའ་མིས་བཏོད་པའི་ལས་འགྲམ་དུ་རྐུབ་བཞག་སྟེ་གནའ་མི་གླེན་པ་དེ་ཚོ་ཞེས་དམོད་པ་འབོར་དུས་ཁྱོད་ཀྱི་སྙིང་ལ་ཙག་ཤད་ཅིག་མི་རྒྱུགས་སམ།
     ཁྲེལ་ཡོད་ཀྱི་མི་རྣམས་ཨ།ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཕོད་པ་མ་ཟད།དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་མཛད་ཡོད་མོད།འོན་ཀྱང་ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་མཁས་མཛངས་ཀྱི་བློ་གྲོས་ལ་སློབ་སྦྱོང་མི་བྱེད་པའམ་ཡང་ན་བྱེད་མི་མཁས་པར་རྨོངས་ཚོད་ཀྱི་སྒོ་ནས་དཔའ་བོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་བཟློ་བ་ཙམ་གྱིས་ཅི་ལ་ཕན།།               རྐང་ལམ་ཕྲ་མོ་ལས་བཤུས།
     གནའ་མིས་བཏོད་པའི་རྐང་ལམ་ཕྲ་མོ་འདི་རྒྱ་ཆེ་རུ་གཏོང་བ་ལ་ས་འཇོར་གཅིག་བརྐོས་མ་མྱོང་ལ་ཁེམ་གང་ཡང་བཅུས་མ་མྱོང་།རྐང་ལམ་ཕྲ་མོ་འདིའི་ཐོག་ཏུ་གོམ་པའི་འདེགས་འཇོགས་ཅི་ཙམ་བསྒྱུར་བ་ནི་བགྲང་གིས་མི་ལང་ན་ཡང་།རྐང་ལམ་ཕྲ་མོ་འདིའི་ཕན་ཡོན་དང་།ནང་སྒོས་སུ་རྐང་ལམ་ཕྲ་མོ་འདི་ལ་གཟི་བརྗིད་དང་ལ་རྒྱ་སྣོན་རྒྱུ་ནི་ཡིད་ལའང་དྲན་མ་མྱོང་།ངོ་ཚ་འདི་ལས་ཆེ་བ་དང་།འགྱོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད།   རྐང་ལམ་ཕྲ་མོ་ལས་བཤུས།
     གཅིག་བྱས་ན་སེམས་ཀྱི་་རྟ་ལ་བཅིབས་ཏེ་ཐར་བའི་ལམ་དུ་བགྲོད་པའི་དམ་པ་ཡོད་དུ་སྲིད་ཀྱང་།ཐར་བའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་གདའ།དེ་ཚོ་ནི་ཚུལ་ཇི་ལྟར་ཡིན་ནའང་ཡིན་དུ་ཆུགང་རང་དགའ་ས་ནི་རྐང་ལམ་ཕྲ་མོ་འདི་ཡིན་ལ།ང་རང་སྐྱོ་ས་ཡང་རྐང་ལམ་ཕྲ་མོ་འདི་ཡིན།    རྐང་ལམ་ཕྲ་མོ་ལས་བཤུས།
  • ལེ་ཚན་སྔོན་མ།:དུས་རབས་ཤིག་གི་ལྷ་སྒྲུང་། དོན་གྲུབ་རྒྱལ་དང་ཁོང་གི་མི་ཚེའི་རིན་ཐང་།
  • ལེ་ཚན་རྗེས་མ།:ངའི་ཁོར་ཡུག་གི་འགྱུར་བ།