ངའི་ཁོར་ཡུག་གི་འགྱུར་བ།

པདྨ་མཚོས།        2011-12-06

     ཁ་སང་།
     ངའི་སྔོན་བསགས་གི་འབྲས་བུ་དང་།
     ད་ལྟའི་ཡོད་ཚད་ཁྱེར་ཏེ།
     ཡིད་ལ་མདུན་སྐྱོད་ཀྱི་སྤོབས་པ་དང་ཡིད་ཆེས་བཅངས་ཏེ།
     མ་འོངས་ཕུགས་མདུན་རིང་མོའི་བདེ་སྐྱིད་ཀྱི་ཆེད་དུ།
     ཁེར་རྐྱང་དུ་འགྲོ་འགོ་བརྩམས།
     དེ་དུས།ཚང་མས་ང་ལ་རོགས་རམ་དང་།
     ངའི་མདུན་ལམ་ལ་འོད་སྣང་ཡོད་ཞེས་ངོ་བསྟོད་བྱེད།
     སྐབས་དེར།ངའི་སེམས་པ་དྲོད་ལྷང་ལྷང་དང་།
     འཛུམ་དམུལ་དམུལ།
     དེ་རིང་།
     ངའི་ཁོར་ཡུག་ལ་རླུང་ནག་འཚུབ་མ་ཞིག་གིས་འཐུམས་ཏེ།
     གར་འགྲོ་ཆ་མེད་དུ་གྱུར་བའི་གནས་སུ་ལྷུང་།
     སྐབས་དེར།
     ཡོད་ཚད་རིང་བའི་ས་ནས་མཛུབ་ཀེར་གྱི་འཕྱ་དམོད་དང་།
     ང་ལ་མདུན་ལམ་མེད་ཅེས་མཐོང་ཆུང་གི་ཟུར་ཟ་བྱེད།
     འོན་ཀྱང་།ངས་བཟོད་བསྲན་གྱི་མགོ་བོ་སྒུར་ཏེ།
     ཁྱད་གསོད་དང་བརྙས་བཅོས་ཡོད་ཚད་གདོང་གིས་བསུས་བས།
     རང་གིས་རང་ལ་མདུན་སྐྱོད་ཀྱི་སྤོབས་པ་དང་ཡིད་ཆེས་བཙལ་ནས།
     སྡུག་བསྔལ་དང་གོད་ཆགས་མྱོང་ཚད།
     ངའི་མི་ཚེ་འདིའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དུ་བཀོད།
     སང་ཉིན།
     ངའི་ཁོར་ཡུག་གི་འགྱུར་བ་ཡོད་ཚད་བདེ་སྐྱིད་ལ་འཁོད་དེ།
     མཛེས་སྡུག་གི་ཁྱིམ་གཞི་ཞིག་བསྐྲུན་ནས།
     ང་དང་ངའི་ཁྱིམ་མི་ཚོའི་ཆེད་དུ།
     དཀའ་སྡུག་ཡོད་ཚད་ཕྲག་ཏུ་ཁུར་ཏེ།
     མདུན་སྐྱོད་དང་ཡར་རྒྱས་ཀྱི་གོམས་སྟབས་གླུ་རུ་གྱེར་བཞིན་འགྲོ་ངེས།
  • ལེ་ཚན་སྔོན་མ།:དཔལ་དོན་གྲུབ་རྒྱལ་གྱི་ལེགས་བཤད་གསེར་ཞུན་ཐིགས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཨ་མ་ཚོའི་ལས་དབང་།