བོད་ཀྱི་ཨ་མ་ཚོའི་ལས་དབང་།

རྟ་མགྲིན་རྒྱལ་པོ།        2011-12-06

      ༡

     མུན་ནག་གི་འདྲེ་ལག་རིང་མོ་འཆི་བདག་གི་ཞགས་པ་ཇི་བཞིན་མི་ཡུལ་ལ་བསྲིངས་ཐེངས་རེ་རེར།བོད་ཀྱི་ཨ་མ་ཚོ་སྔར་བཞིན་ཁ་ཆར་གཉིས་འཐུང་གི་རྫ་རིའི་འདབས་ན།ནོར་ནག་གི་ངུར་སྒྲ་ལ་མི་ཚེ་བསྔས་ཤིང་།ལྕི་འདམ་གྱི་ལྷས་ར་ན་སད་སེར་གྱི་གཙེས་པ་འཁུར་ནས་ཉི་མའི་ཕྲེང་རིང་འདྲེན།སོར་རྩེ་ཁྲག་རྣག་གིས་སྦགས་རུང་འཁོར་བའི་སྒམ་བརླིང་ཕྱུང་།

     ལྷག་བསམ་དང་དབུ་སྐྲ་ཟླ་འོད་ལས་དཀར་ཞིང་དཀའ་ཚེགས་ཀྱི་ཁུར་པོ་རི་རབ་ལས་ལྕི་ནའང་ཁོ་མོ་ཚོས་ནམ་རྒྱུན་རྔུལ་ཆུ་དང་ལྷན་དུ་བུ་ཕྲུག་ཚོའི་མདུན་ན་བདེ་སྐྱིད་ཀྱི་སྒོ་མོ་ཕྱེ་བཞིན་བདེན་ཁ་འཇམ་པོ་ཞིག་གི་ཐུ་སྣེ་བཏེགས་ཏེ་སུ་ཞིག་གི་ཆེད་དུ་ཅི་ཞིག་འཚོལ་འདོད་ཀྱི་ནང་དུ་མི་ཚེ་རྒས་ཟིན།

     ༢
     སུ་ཞིག་གིས་རང་ཉིད་བདག་ཏུ་འཛིན་མ་ཐུབ་ན་དེ་ནི་ནམ་ཡང་བྲན་གཡོག་ཡིན་ན་བོད་ཀྱི་ཨ་མ་ཚོར་བདག་འཛིན་གྱི་བསམ་བློ་མེད་པ་ཡིན་ནམ།ཡང་ན་ཡང་སྙིང་སུ་ཞིག་གི་ཆེད་དུ……།བོད་ཀྱི་ཨ་མ་ཚོའི་ལས་དབང་ཟློག་ཐབས་བྲལ་བའི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པའི་ངེས་པ་ག་ལ་ཡོད།ཆོས་ཉིད་དེའི་མངའ་འོག་ནས་ཁོ་མོ་ཚོ་སུ་ཡིན་ཡང་གཞོལ་མི་ཐུབ་པ་ཞིག་ག་ལ་ཡིན།

     མི་རབས་ནས་མི་རབས་བར་འདི་ནི་བུད་མེད་ཚོའི་ལས་སྐལ་ལམ།གཡོ་དང་འཕོ་འགྱུར་མེད་པའི་སྲོལ་རྒྱུན་སྲ་མཁྲེགས་ཤིག་གི་བཤུལ་ལམ་ཨེ་ཡིན།རླུང་གིས་བསྐྱོད་པའི་ཨ་མ་ཚོའི་སྐྲ་ལོ་རིང་མོ་ནོར་ལུག་གི་སུག་རྗེས་ཁྲོད་ན་རི་སྒང་གི་དར་ལྕོག་ལྟར་གཟེངས་ཤིང་འཐོར་བ་ཁོ་མོ་ཚོའི་ལང་ཚོའི་བཀྲགས་མདངས་ཡིན་ནམ།

     ༣
     ཉི་འོད་ལ་རྩྭ་ལྗང་གི་ནེམ་ཤ་འཁྱུད་པའི་སྤང་ཐང་ནས་རང་ལ་ཐེམས་པའི་གར་སྟེགས་ཀྱི་སྟེང་ན་བུ་ཕྲུག་དང་བཟའ་ཚང་།འཁོར་བ་བཅས་ཀྱི་ཕྱིར་དུ་ཁོམ་ལོང་མེད་པར་ཡར་རྒྱུག་མར་འདུར་བྱེད་པའི་བོད་ཀྱི་ཨ་མ་ཚོ་དང་གཞན་གྱི་ཨ་མ་ཚོའི་ཐོབ་ཐང་དང་འཚོ་བར་གནམ་སའི་ཁྱད་པར་ཡོད་པ་ཅི་ཡིས་བསླད།


     བོད་ཀྱི་ཨ་མ་ཚོ་ཡང་ཉི་མའི་འོད་ཐིག་ལ་མགོ་བོ་སྙེ་བཞིན་མཚར་སྡུག་གིས་བཞད་ན་ཅི་མ་རུང་།འདི་ལྟར་སྔར་བཞིན་སྒོ་ཁྱིའི་གཅོང་སྐད་དང་འབྲི་མོའི་ངུར་དབྱངས་བར་ནས་མི་ཚེའི་གོ་རིམ་ངག་ལ་མིད་ན་སྙིང་རེ་རྗེ།གྲོང་ཁྱེར་དང་རྩྭ་ཐང་།ཁང་བརྩེགས་དང་སྤང་ཐང་།རང་དབང་དང་མི་ཚོགས་མང་སའི་འཇིག་རྟེན་ཞིག་ནས་ཨ་མ་ཚོས་ནམ་ཞིག་གི་ཚེ་ན་རང་ཉིད་ཀྱི་མི་ཚེ་ལ་མཐིང་མདོག་གི་རྩི་བྱུགས་ཐུབ།

  • ལེ་ཚན་སྔོན་མ།:ངའི་ཁོར་ཡུག་གི་འགྱུར་བ།
  • ལེ་ཚན་རྗེས་མ།: ཁ་བ་རི་པ།