ཁ་བ་རི་པ།

རྡོ་རྗེ་རིག་འཛིན།        2011-12-08

དེ་ཡང་ཆེས་མཐོ་བའི་ས་འཛིན་དཀར་པོ་ཚར་དུ་དངར་བའི་ཡུལ་དུ་གནས་ཆགས་པའི་བྲག་སྲིན་མོ་དང་སྤྲེའུ་གཉིས་མཛའ་གཉེན་སྒྲིག་པའི་ཡུལ་དེ་ནི་ཁ་བ་རི་པ་ཞེས་སུ་འབོད་ལ།དེ་ན་མི་མིན་ལྷ་ཡི་རྣམ་འཕྲུལ་བོད་ཀྱི་རྒྱལ་པོའི་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་ཁྲིར་ཕེབས་པ་ནས་བཟུང་།ཁ་བ་ཅན་དུ་འཇིག་རྟེན་མི་ལུགས་ཀྱི་མྱུ་གུ་གསར་དུ་འཁྲུངས་བའི་ལོ་རྒྱུས་ཀྱི་འདབ་སྟོང་བཀྲ་ལམ་མེར་བཞད་ཅིང་རིམ་བཞིན་འཕེལ་བའི་ཤེས་རིག་དང་ལག་རྩལ་གྱི་སྦྲང་རྩིའི་བཅུད་དུ་འཁྱིལ།ཡ་ཐོག་ཞང་ཞུང་གི་ཆོས་དང་ཆབ་སྲིད་ཀྱི་མཁའ་ལྡིང་གཤོག་ཟུང་གི་རྩལ་དྲུག་རྒྱས་པས་ཁ་བ་དཀར་པོའི་ཡུལ་གྲུ་ཀུན་ཏུ་ཁེབས་པར་བྱས་ཏེ།ལོ་གྲངས་བརྒྱ་ཕྲག་དུ་མ་འདས་པའི་རྗེས་སུ་གང་གི་གདོང་རིགས་ལས་འཁྲུངས་བའི་འཕགས་པ་མིག་མི་འཛུམ་པ་མིའི་རྣམ་པར་རོལ་ཞིང་འཛམ་གླིང་སུམ་གཉིས་དབང་དུ་མཛད་པའི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་རིང་ལ་ཁ་བ་ཅན་དུ་ཆོས་སྲིད་དཔལ་འབྱོར་ཀུན་དབྱར་མཚོ་ལྟར་རྒྱས་ཤིང་།རྒྱ་དཀར་ནག་བལ་པོ་སོགས་སུ་མཛའ་མཐུན་གསེར་གྱི་ཟམ་པ་ཐོག་མར་འགོ་བརྩམ་པར་གྱུར་བའི་གྲགས་སྙན་གྱི་འབྲུག་སྒྲ་ལྷང་ལྷང་དུ་ལྡིར་ཞིང་།ད་དུང་ཆེས་རྨད་དུ་བྱུང་བ་ཞིག་སྟེ་ཁ་བ་ཅན་གྱི་སྐད་ཀྱི་གདངས་དང་མཐུན་པའི་གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཞི་ལ་སོགས་པའི་བདག་ཉིད་ཅན་གྱི་སྒྲ་སྦྱོར་གྱི་ཡིག་རིགས་ཕུལ་དུ་བྱུང་བ་དང་།དེ་མ་ཟད་འདི་དང་ཕྱི་མའི་སྐྱབས་ཡུལ་དམ་པ་རྒྱལ་མཆོག་བུ་རམ་ཤིང་བའི་དགོངས་པ་ཐུན་མོང་མ་ཡིན་པ་དག་ཀྱང་ཁ་བ་ཅན་གྱི་སྐད་དང་ཡི་གེའི་ལམ་ནས་བཀྲལ་བ་དེང་དུས་འཛམ་བུའི་གླིང་ན་སྙན་པའི་གྲགས་པ་སྲིད་པའི་རྩེ་མོ་རུ་འབར་ཞིང་།འདི་ནས་བཟུང་ཁ་བ་རི་པའི་ལོ་རྒྱུས་ཀྱི་ལེ་ཚན་ཆ་ཚང་ཞིང་རིམ་བཞིན་བརྒྱུད་ནས་མཐོ་སྒང་ཁ་བ་རི་པ་ཞེས་གྲགས་པས་སྲིད་གསུམ་ཀུན་ཏུ་ཁྱབ་པར་བྱས།གཞན་ཡང་སུམ་རྩེན་གྲོང་དང་དབྱེར་མ་མཆིས་པར་གང་ལ་གང་འདོད་ཀྱི་འབྱོར་བས་ཕྱུག་པའི་རིན་པོ་ཆེ་སྣ་ལྔ་དང་ཁྲ་བོ་གཟི་སོགས་ཀྱི་བང་མཛོད་དུ་གྱུར་བའི་ཡུལ་འདི་ནི་ཁ་བ་རི་པ་སྟེ།བཅོས་མ་མ་ཡིན་པའི་ཁ་བའི་རྡུལ་བརྩེགས་ཤེལ་དཀར་ཞུན་མའི་མཆོད་རྟེན་ཚར་དུ་དངར་བ་དང་ཆེས་རྔམ་བརྗིད་ལྡན་པའི་གངས་རི་དང་།སྤང་རི།རྫ་རི།བྲག་རི།ནགས་རི་བཅས་ཀྱིས་བཟུང་བའི་ཡུལ་དེ་ན།མཐའ་ཡས་པའི་རྩྭ་ཐང་དང་།ནགས་ཚལ།ན་འདམ།མཚོ།མཚེའུ།མིག་གི་དབང་པོ་དབང་མེད་དུ་འཕྲོག་པའི་མེ་ཏོག་དཀར་སེར་དམར་ལྗང་གིས་ཚོམ་བུར་བཀོད་པ་དེ་བཞིན་དུ་ནམ་སད་ཀྱི་གྲོང་འདི་ས་ལ་འཕོས་པ་དེ་ནི་རང་ཅག་གི་ལྟེ་ཁྲག་འཐོར་བའི་ཡུལ་དེ་ལ་ཁ་བ་རི་པ་ཞེས་སུ་འབོད་པར་སྤྲོ།ད་དུང་མཁའ་ལ་རྒྱུ་བའི་སྤུ་སྡུག་གི་རྣམ་པ་ཤིན་ཏུ་མཛེས་པའི་བྱ་ཁྲུང་ཁྲུང་དང་།ཁུ་བྱུགའཇོལ་མོ།ངང་པ་ལ་སོགས་པའི་བྱ་རིགས་ཆེ་ཕྲ་དག་གིས་སྐད་སྙན་སྒྲོག་ཅིང་ལུས་ཀྱིསགཤོག་འགྱུར་སྟོན་པ།རྩྭ་ཐང་དུ་གནས་པའི་ཀ་དཀར་རྐྱང་དང་བྲེ་སེར་འབྲོང་སོགས་ཀྱིས་བང་རྩལ་དང་རྭ་རྩེད་འགྲན་པ།རི་ལ་གནས་པའི་ཤ་བོ་དང་།གླ་བ།རྣ་བ་ལ་སོགས་པའི་ཁྱུ་དང་ཁྱུ་བཞིན་དུ་ཚོགས་པའི་རྩ་ཆེན་གྱི་རི་དྭགས་རྣམས་དང་།ནགས་ན་གནས་པའི་སྟག་གཟིག་དོམ་དྲེད་དང་།གཡི།འཕར་བ།གོང་ལ་སོགས་པའི་གྲ་ཡག་གཅན་གཟན་གྱི་རིགས་བཅས་སྲོག་ཆགས་དུ་མས་ཕྱུག་ཅིང་མཛེས་ཤིང་མཚན་པ་དེ་ནི་ཁ་བ་རི་པའོ།།གཞན་ཡང་གོ་ལར་ཟླུམ་པོའི་ཆ་ཤས་ཕྲ་མོ་གངས་ཅན་མཐོ་སྒང་གཅིག་པུ་མ་གཏོགས་ནམ་མཁའི་མེ་ཏོག་གི་གཉེན་དུ་གྱུར་བའི་སྒོ་ཟོག་དེ་གཡག་དང་འབྲི་ཡི་ཁྱུ་ཚོགས་མཐོ་སྒང་ནོར་བུ་དང་།དགུང་སྔོན་གྱི་སྐར་ཚོགས་ཐང་དུ་ལྷུང་བ་ལྟ་བུའི་གཡང་དཀར་ལུག་གི་ཁྱུ་དང་ཁྱུ་ཡི་གྲངས་ཀྱང་བགྲང་མི་བཏུབ་པ་དང་།བང་རྩལ་ཤུགས་ལྡན་གྱི་རྟ་མཆོག་དུ་མའི་འགྲོས་བཟང་ལ་བརྟེན་ནས་འགྲུལ་བཞུད་ཀྱི་ལེ་བར་བརྒྱ་ཕྲག་མང་པོར་བརྒལ་བ་དང་བཅས་རྟ་ནོར་ལུག་གསུམ་གཡང་གི་ར་བར་གྱུར་བ་དེ་ཡང་ཁ་བ་རི་པའོ།།།།ཁ་བའི་ལྗོངས་སུ་སྐྱེས་པའི་གངས་ཅན་པ།།ཁ་བཤད་སྟོང་པས་མི་ཕན་དོན་འབྲས་ལ།།
     ཁ་སེམས་མེད་པར་སྙིང་ནས་འབད་གྱུར་ན།།
     ཁ་བ་རི་པའི་ལས་སྐལ་ཐོབ་རེ་སེམས།།
     ཁ་བ་རི་པ་ཞེས་བྱའི་འཇིག་རྟེན་འདིར།།
     ལུགས་གཉིས་སྐྱོང་མཁས་གཙུག་གི་རྒྱན་བྱེད་ཅིང་།།
     འདི་ཕྱིའི་བདེ་ལ་རོལ་བའི་ཐབས་མཁས་གང་།།
     ཁ་བ་རི་པའི་ཁྱད་ཆོས་ཨེ་མ་ཧོ།།
     བསིལ་ལྡན་མེས་པོའི་རིང་ལུགས་རྨ་མེད་པ།།
     བསིལ་བའི་ལྗོངས་སུ་ལུགས་གཉིས་སྲོལ་བཏོད་ནས།།
     འཇིག་རྟེན་སྐྱེ་དགུས་སྨོན་པའི་ཞིང་མཆོག་ཏུ།།
     དགའ་བདེའི་དཔལ་གྱིས་ཁ་བའི་རི་ལ་ཁྱབ།།
  • ལེ་ཚན་སྔོན་མ།:བོད་ཀྱི་ཨ་མ་ཚོའི་ལས་དབང་།
  • ལེ་ཚན་རྗེས་མ།:ལྟ་བརྗོད་ཀྱི་ཡོ་ལང་ལྕགས་ཀྱུ་མ།