ལྟ་བརྗོད་ཀྱི་ཡོ་ལང་ལྕགས་ཀྱུ་མ།

ཆོས་བཞིན།        2011-12-08

ང་ཚོས་ནམ་རྒྱུན་རི་བོང་ལ་རྭ་ཅོ་ཡོད་མེད་བརྩད་ནས་ཡུན་རིང་འགོར།རྭ་ཅན་གྱི་རི་བོང་དེས་ང་ཚོར་གཡོལ་ཐབས་མི་བྱེད་མོད།འོན་ཀྱང་།ང་ཚོའི་དེའི་གནས་ལུགས་ཀྱི་སྐད་ཅིག་མ་དང་པོ་དེར་རྩ་འགྲེལ་དང་ཡང་འགྲེལ་རྒྱག་གིན་དོགས་སྣང་གི་ར་བ་ནས་ནམ་ཡང་རྒལ་ཐུབ་ཀྱི་མེད།དེ་ནི་ཉི་འོད་དྲག་པོའི་འོག་ཏུ་ཡིག་འབྲུ་དམར་པོ་ཅན་གྱི་ཡི་གེ་ཞིག་ལ་ཡུན་རིང་བལྟས་རྗེས།ཡིག་འབྲུ་ནག་པོ་གཞི་ཤོག་དཀར་ཏུ་བྲིས་པ་རྣམས་ཀྱང་སྔོན་པོ་ལ་འཁྲུལ་བའི་ཤེས་པ་དེར་འགྲེལ་བ་ཡང་ཡང་བརྒྱབ་པ་ཙམ་ལས།ལྡོག་འགྲེལ་གྱི་སྙང་སྟོབས་ལ་གསོན་ཤུགས་རྒྱས་མེད་པས་རེད།
ཏག་ཏག་སྐད་ཆ་འདི་ཤོད་འདོད་དུས།བརྩེ་དུངས་ལས་མ་འདས་པའི་ར་བ་དེར་བརྩན་ཞིང་སྒམ་པའི་གནས་ལུགས་ཤིག་གི་ཤི་མིག་བགྲད་ཅིང་ཤི་སྤར་འཐབ་པ་ན།ཁྱོན་ཆུང་བའི་གཡས་གཡོན་གྱི་གྱང་ངོས་ལ་ཡང་ཡང་ལྟ་དགོས་བྱུང་།སྐབས་དེར།ར་བ་དེའི་ཕྱི་རོལ་ན་མཐོ་བརྗིད་ཀྱི་རི་དང་མཐའ་མེད་ཀྱི་ཐང་།དྭངས་གཙང་གི་ཆུ་སོགས་ཡོད་པར་སུས་ཀྱང་བསམ་བློ་གཏོང་མྱོང་མེད།གདོད་མ་བ་སྟེ་ཕ་ཚེ་བུའི་རིང་གི་ཡོད་ཚད་བཟང་ཆ་ཁོ་ནར་མཁྲེགས་འཛིན་མཁན་རྣམས་རང་བྱུང་གི་ལོངས་སྤྱོད་ལ་འདོད་རྔམ་གྱིས་སོ་ཐིམ་སོང་།ཡིད་མི་ཚིམ་པ་སྟེ་འཁོར་བ་རྒྱབ་ཏུ་བསྐྱུར་ནས་ཐར་བ་དོན་དུ་གཉེར་བ་དག་གིས་དྲན་སྣང་གི་ཡུལ་ལྗོངས་སྣ་ཚོགས་འབད་པ་བརྒྱ་ཕྲག་གིས་བཏུས་ཏེ་ཁ་མིན་དོན་གྱིས་ཐོ་རུ་བཏབས།བློས་བསླངས་པ་སྟེ་དངོས་ཡོད་ཡར་སྐྱེད་ལ་རེ་བའི་མི་བུ་འགའ་རེས་རང་ཉིད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབས་དང་དངོས་སྣང་གི་འཚོ་བར་གསལ་བཤད་བྱེད་ཀྱི་ཡོད།དུས་སྐབས་དེར་ང་ཚོས་ཟིང་འཁྲུག་ཅིག་གི་མགོ་བསླང་བ་རེད་ལ་རྩོད་པ་དེའི་མཇུག་བསྐྱང་བའང་རེད།
ཡང་བསྐྱར་གཏམ་རྒྱུད་ཅིག་གི་མཚར་ཁ་ལ་བཟི་བའི་སེམས་ཅན་སྐོར་ཞིག་གིས་དྲོད་ཉིད་ཀྱི་མལ་ནས་སྔུར་བ་འཐེན།མི་བུ་ཞིག་གཅོང་རོང་གི་གཡང་ནས་ལྷུང་ལ་ཁད་ཡིན་པས།རྨོངས་ཤེས་ཅན་དེ་ཚོ་གློ་བུར་དུ་དངངས་སྐྲག་གིས་སད།གར་མེ་ཞིག་གི་འོད་སྣང་ལས་རང་མལ་ན་ཡོད་པ་ཤེས་དུས།ཡང་བསྐྱར་ལོངས་སྤྱོད་ཀྱི་སྤྲོ་སྟེགས་ནས་འཆར་ཡན་གྱི་ལག་མཐིལ་དུ་སྤྲོ་སྣང་གི་མགོ་བོ་ལྷོད་ཀྱིས་ལྷུང་།ང་  ཚོས་ཤེས་བཞིན་དུ་འགག་སྒོ་དེ་དག་ལ་ཉེ་ཞོ་མེད་པར་ལྷུར་ལེན་བྱེད་དགོས་དོན་ཅི་ཞིག་ཡིན་ནམ།དངོས་གནས་ཧ་མི་གོ  གསོན་དུ་རེ་བའི་སེམས་ཅན་ཞིག་ཡིན་ན་འཁྲིམས་པ་ལ་བླ་སྦྲན།རྒོལ་བ་ལ་གདོང་གཏུག་དགོས་པ་མ་ཡིན་ནམ།འཆར་སྣང་བ་ཞིག་རང་བྱུང་གི་དྲོད་ཁོལ་སྙིང་ལ་ཉར་ནས་སྤྲོ་སྣང་གིས་ལམ་ལ་ཆས།ད་དུང་དྲན་པ་སེམས་ན་ལྐུག་ཅིང་སྙིང་སྟོབས་བག་ལ་ཞ་བའི་གཟའ་རོ་རྣམས་རི་འདབས་ཀྱི་ལམ་ཁ་དག་ན།ལག་རྟེན་བྲང་ལ་བཙུགས་ཤིང་རྡོག་ཁྲེས་རྒྱབ་ཏུ་ཁུར་ནས་སུ་ཞིག་ལ་བཤམས་སྟོན་བྱེད་འདོད་ཀྱིས་ཀྲོང་ངེར་ལངས་འདུགམི་ཁ་ཅིག་གིས་དེ་དག་འགྱེལ་མི་འགྲོ་བར་དོགས་སྣང་གིས་རྒྱང་ནས་ལྟ།རི་རྩེར་འཚོ་མཁན་ཚོས་དེ་དག་གི་བཟོ་ལྟ་ལ་བལྟས་ཙམ་གྱིས་ཁོག་འདར་ཞིག་བརྒྱབ།
ང་ཚོས་སུ་ཞིག་འོང་རྒྱུ་ཡོད་པ་བཞིན་སྡོད་མི་ཚུགས་པར་ཕྱི་རོལ་གྱི་ཆགས་ཚུལ་ལ་ཡང་ཡང་བལྟ།ལྷད་མེད་ལྷིང་འཇགས་ཀྱི་བཟོ་བཀོད་དེར་ཅེར་ཅེར་ནས་ཡང་བསྐྱར་འདང་རྒྱག་གི་རི་གྲོང་ལ་ལྟད་མོར་ཆས།དེར་མི་ཞིག་གིས་ཁབ་མིག་དང་ཁབ་སོ་ལས་ཁབ་མགོ་དེ་གང་ལ་ངོས་འཛིན་གྱི་དྲི་བ་མང་པོ་ཞིག་རང་ཉིད་ལ་འདོན་གྱིན་པར་མིག་བགྲད་དེ།ང་ཚོ་སླར་ཡང་ངལ་དུབ་ཀྱིས་གཉིད་དུ་ཡུར།སུ་ལའང་ཡོད་པའི་སྟོབས་ཤུགས་དེ་སུ་ཞིག་གིས་སྲོག་བླུ་བྱས་པ་མིན་ཡང་།སུས་ཀྱང་གཅུན་མི་བཏུབ་པར་ཐམས་ཅད་ལས་ཚེ་ཐར་དུ་གྱུར།དེ་བས་ལྐོག་ལྟ་དང་ལྐོག་ཉན་བྱས་པ་ལས་ཚང་མར་སྡོམ་ཚིག་རེ་བོར་ཞིང་ཁས་མི་ལེན་མཁན་རྣམས་ལའང་འགྱ
ད་གདུང་གིས་ལེ་བདའ་བྱེད་ཀྱི་མེད།
ང་ཚོས་བརྗོད་བྱ་གཅིག་ལ་འགྲེལ་བ་ཡང་ཡང་རྒྱག་པ་ལས།གནད་དོན་ཞིག་སྔོགས་འདོན་དང་འཚོལ་ཞིབ་བྱེད་རྒྱུ་ན།ང་ཚོས་ཀྱང་ཕ་མེས་ཡོད་རབས་ཀྱི་རྩོད་པ་བྱེད་མི་དགོས་པར་ཐམས་ཅད་ལས་ལྷང་ལ་འབུད་ངེས་རེད།ཡང་གཅིག་བཤད་ན།ཁྱོད་ཀྱིས་མཁྲེགས་འཛིན་བྱེད་ཀྱིན་པའི་སྙིང་པོ་དང་ཁོས་ཨུ་ཚུགས་རྒྱག་གིན་པའི་རིན་ཐང་སོགས་ཀྱང་གཞི་གཅིག་གི་སྟེང་དུ་ཡོད་ངེས་ནའང་།ང་ཚོ་ནི་བྱེ་ཐང་དུ་ཡོད་པས་ལུས་ཀྱི་ལྗིད་ཚད་ཡོད་རྒུ་བཏོན་ནས་སྤོས་པའི་གོམ་པ་རེ་རེ་ལའང་གསལ་ལ་མི་གསལ་བའི་རྐང་རྗེས་ཤིག་ཡོད་རྒྱུ་དཀའ་མོ་རེད།དེས་ན་སྔར་བྱུང་གི་རྒྱལ་ཕམ་གྱི་ཆུ་བོ་ནི་ལོ་རྒྱུས་ཀྱི་བྱེ་ཐང་དུ་ལྷུང་ཟིན་པས།ཨུ་ཚུགས་ཀྱི་མཆུ་སྒྲོས་ལས་ཅི་ལྟར་གཞིབ་ཀྱང་ད་ལྟའི་ཛ་དྲག་གི་སྐོམ་གདུང་ལ་ཕན་པ་ཅི་ཞིག་ཡོད།དེ་བས་རང་ཉིད་བཞུད་འདོད་ཀྱི་ལམ་བུ་དེ་དཔྱད་བསྡར་གྱིས་གཏན་ལ་ཕབ་ནས་འཚོལ་ཞིབ་བྱེད་རྒྱུ་ཁོ་ན་ལས།ངེས་དོན་དང་དྲང་དོན་སོགས་ཀྱི་རྩོད་གཞི་དེའི་ཁ་སྐེ་ཕྱིར་ལ་གཅུ་དགོས་དོན་གཏན་ནས་མེད།དེ་ལྟར་བསམ་བློ་གཅིག་མཐུན་གྱིས་འགྲོ་མཁན་ཅི་ལྟར་མང་ན།ལམ་ཉིད་དེ་ལྟར་གྱིས་རྒྱ་ཆེ་བ་ཡིན་པས་སོ།།དེ་ཡང་གནས་ལུགས་ཤིག་གི་ཆེད་དུ་ལན་ལྡོན་དཀའ་བའི་དྲི་བ་གང་མང་ཞིག་འབྱུང་གིན་ཡོད་ནའང་།ང་ཚོས་དྲི་བ་དེ་དག་ལ་འོས་འཚམས་ཀྱི་ལན་པོ་རེ་འཚོལ་ཞིབ་བྱེད་དགོས་པ་དེ་ཡིན།
ཞིབ་འདང་ཞིག་བརྒྱབ་ན།རྩོད་པ་ནི་མུ་མཐུད་དུ་འབྱུང་གིན་ཡོད།འོན་ཀྱང་།འཚོལ་ཞིབ་པའམ་སྟོབས་ཤུགས་ཁུར་བའི་སྙིང་སྟོབས་ཅན་ཞིག་གམ་དཔུང་རྡང་སྦྲེལ་ནུས་པའི་ཚོ་དཔོན་ཞིག་ནམ་ཡང་སླེབ་ཡོང་གི་མེད།
    
    དྲང་བདེན་ལྕགས་ཀྱིས་བརྡུང་བའི་རང་ཚུགས་ལ།  །
    ཤེས་མེད་བཙའ་ཡིས་ཐོ་ཅོ་མི་རྩོམ་ན།  །
    ཡིད་མཐུན་རུ་དཔུང་ཞིག་གི་སྙིང་ཁོང་དུ།  །
    མི་འགྱུར་སྲོག་གི་རྟེན་དུ་ཤེད་ཀྱིས་རྡེབ།  །
  • ལེ་ཚན་སྔོན་མ།: ཁ་བ་རི་པ།
  • ལེ་ཚན་རྗེས་མ།:ལྦུ་སོབ་ཅན་དུ་འགྱུར་གྱིན་པའི་སློབ་གྲྭ་ཆེན་མོ་བ།