ལྦུ་སོབ་ཅན་དུ་འགྱུར་གྱིན་པའི་སློབ་གྲྭ་ཆེན་མོ་བ།

རེ་རྐང་གླིང་།        2011-12-28

             གནོད་པར་བྱེད་པ་ཆུང་ངུ་ཡང་།།
              མྱུར་དུ་བསལ་ལ་འདུམ་པར་བྱ།།
              ཡུར་བ་ཆུང་ངུའི་རྗེས་ཞུགས་ནས།།
              འོད་པ་ཆེན་པོ་མ་མཐོང་ངམ།།
                                             --ས་སྐྱ་ལེགས་བཤད་ལས། 

དུས་ཀྱི་འཕེལ་འགྱུར་དང་རིན་ཐང་ཆོས་ཉིད་ཀྱི་ངོ་བོ་ལྟར་ཚིག་མཛོད་ཁྲོད་ཀྱི་ཐ་སྙད་མང་པོ་ཞིག་ལ་གསར་བཅོས་དང་འཕྲི་སྣོན་བྱེད་ཀྱིན་ཡོད་པ་ནི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཀྱི་འགྲེལ་བརྗོད་འབའ་ཞིག་གིས་བསྟན་དང་ཆོག་ནའང་།འགྱུར་བའི་སྤྱི་མཚན་གྱི་རང་བཞིན་དེ་དང་སྤང་བླང་གི་ཁྱད་གཤིས་དེ་སྤྱད་གོ་ཆོད་པ་ཞིག་ཏུ་མ་སོང་བས་དོན་སྙིང་གིས་སྟོང་བའང་ལག་ལེན་གྱིས་ར་སྤྲོད་ཐུབ་པའི་ཡང་དག་གི་གནས་ལུགས་ཤིག་སྟེ།མཐའ་གཅིག་ཏུ་དམིགས་བསལ་གྱི་ཆ་རྐྱེན་འོག་གི་ངོ་བོའི་མཚོན་ཚུལ་དེ་ལ་འགྱུར་བཟོས་ཀྱི་རྣམ་པ་ཙམ་ལས་ཡུན་བརྟན་གྱི་བསམ་བློ་མེད་པའི་བྱེད་ཐབས་སྤྱོད་པ་ནི་མི་འོས་པའི་ལས་ཀ་ཞིག་ཏུ་བདོག་ནས་འདུགང་ཚོས་སྐབས་བབ་“སློབ་གྲྭ་ཆེན་མོ་བ”ཞེས་པའི་ཐ་སྙད་འདིའི་སྟེང་ནས་དམིགས་བཙུགས་པ་ཡིན་ན།དུས་རབས་གསར་བའི་ནང་གི་ན་གཞོན་ཤེས་ཡོན་ཅན་དག་ལ་བརྡ་ཆད་འདི་ལས་ཐག་ཉེ་བ་ཞིག་གམ་ཡང་ན་སྙིང་ཉེ་བ་ཞིག་མེད་ཅེས་བརྗོད་དང་ཆོག་ནའང་།འདིའི་བྱ་བའི་ཡུལ་ལ་གནས་བཅོས་པའི་སྤྱི་ཚོགས་འཚོ་བའམ་སློབ་གྲྭ་ཆུང་འབྲིང་གི་སློབ་གཉེར་བ་དག་ལ་མཚོན་ན་འདི་ཉིད་ནི་གབ་སྦས་ཀྱི་གཏེར་སྒོ་ཆེན་པོ་ཞིག་དང་།རེ་བའི་རྨི་ལམ་བཅའ་ས་ཞིག་ཏུ་གྲུབ་དང་འགྲུབ་ཀྱིན་ཡོད་པས།ཐ་སྙད་འདིའི་གོ་སྦྱོར་གྱི་དགེ་བའམ་ཕུན་སུམ་ཚོགས་པའི་གནད་དེ་གསལ་དགྲོལ་བྱ་དགོས་པའང་ཁ་ཚ་དགོས་གཏུག་གི་གནད་དམ་ཞིག་རེད་འདོད།སྤྱིར་ན་བོད་ཡུལ་ལུང་བ་འདི་ལ་ལོ་པཎ་མཁས་ཆེན་ནས་བརྒྱུད་དེ་དགེ་བཤེས་དང་མཁས་པ།རྩོམ་པ་པོ་སོགས་མི་རིགས་གཞན་གྱི་གང་བརྩམས་བྱ་བ་མཐའ་དག་གི་ལས་འདྲ་བསྐྱངས་པའི་དཔེ་དར་ཡོད་པ་དེ་བཞིན་འོ་སྐོལ་གྱི་དུས་འདི་འདྲར་ཡང་སློབ་གཉེར་བའི་ཆོས་ཚིག་ཁོ་ནར་བགྲངས་རུང་བའི་ཐ་སྙད་མང་པོ་ཞིག་འདོན་རྒྱུ་ཡོད་མོད།ང་ཚོས་“སློབ་གྲྭ་ཆེན་མོ་བ”ཞེས་པའི་ཐ་སྙད་འདི་ལོགས་སུ་དགར་ནས་དེའི་ནུས་པའི་ཁྱབ་ཁོངས་དང་དོན་བྱེད་ཀྱི་དམིགས་པ་དེ་ལ་ཁ་མིག་ཡར་ལྟ་ཞིག་བྱས་ན།  མི་བརྗོད་ཐབས་མེད་ཀྱི་སྐྱོན་ཆ་རེ་ཡང་གནས་ཡོད་དེ།
དང་པོ།བོད་ཀྱི་སློབ་ཆེན་པ་དག་གི་མ་འོངས་མདུན་ལམ་།ལྦུ་སོབ་ཅན་དུ་འགྱུར་གྱིན་པ
བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་ནི་དོ་མཉམ་མ་ཡིན་པའི་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭ་ཆུང་འབྲིང་གི་རིག་གནས་ཀྱི་ཁོར་ཡུག་ཅིག་དང་སློབ་སྦྱོང་གི་གོ་རིམ་དག་བརྒྱུད་འདྲ་མཉམ་གྱི་སློབ་གསོ་དུས་མཉམ་དུ་མྱངས་ཐུབ་པའི་སྐལ་བ་དང་ལྡན་པའི་སློབ་མ་དག་ཡིན་ནའང་།“ཕྱི་ལ་གོས་ཆེན་རྩམ་ཁུགནང་ལ་སྤང་མའི་རྩམ་པ”ཞེས་པའི་དཔེ་ལྟར་མང་པོ་ཞིག་ལ་གོ་སྐབས་དམ་འཛིན་དང་ཉམས་མྱོང་བསྡུ་ལེན་བྱེད་པའི་ཧམ་པ་དེ་རྩ་བ་ནས་མེད་པར།  ཐོག་མ་ཉིད་ནས་སློབ་གསོའི་གོ་རྟོག་ཆེས་དམན་པའི་ཁོར་ཡུག་གི་ངན་ཤན་དེས་ཤེས་བྱ་ཡོན་ཏན་སྦྱང་བ་ནི་གཞུང་གི་ལས་ཀ་(ལྕགས་ཀྱི་ཕོར་བ་འཐོབ་ཆེད)ཞིག་རྙེད་འདོད་ཀྱི་འདོད་འདུན་འབའ་ཞིག་གིས་འཚིམ་ནས་ཡོད་ཅིང་།འདུ་ཤེས་འཛིན་སྟངས་འདིས་ཁོ་ཚོའི་མ་འོངས་པའི་འཚོ་བའི་བདམ་གསེས་ཀྱི་དབང་ཆ་ཧྲིལ་བོ་གཞན་རྟེན་གྱི་ལས་ཀ་ཁོ་ན་ཞིག་ཏུ་བསྒྱུར་ཐོགརྒྱལ་ཁབ་དང་སྲིད་ཇུས།ས་གནས་ཁག་གི་ལས་བགོས་ཀྱི་བར་ཁྱད།   ཐ་ན་ལོ་སྔ་ཕྱིའི་དབྱེ་བ་ལྟར་འདྲ་མཉམ་མ་ཡིན་པའི་ལྟ་ཚུལ་ཞིག་གིས་སེམས་ཞེ་སྡང་གིས་ཁེངས་བཞིན་ཡིད་སྨྱོ་བ་ཅན་གྱི་ལམ་ཕྱོགས་ཤིག་ལ་འཕོས་ཅི་ཐུབ་བྱས་པ་ནས།དེ་འབྲེལ་གྱི་གནས་ལུགས་མང་པོ་ཞིག་རང་གིས་རང་ལ་བསྒྲིག་བཟོ་བྱེད་ཀྱིན་ཡོད་དེ།རིག་གནས་ཡོན་ཚན་དང་ཐོབ་ཐང་ལག་འཁྱེར་སོགས་ཀྱིས་རྒན་པའི་གོ་གནས་སུ་བྱ་བ་ངོ་མ་རེག་པའི་སྲིད་གཞུང་གི་བྱ་སྒྲུབ་པ་དག་ལ་འགྲན་སློང་གི་མིག་སྡང་འཛུགས་ཀྱིན་ཡོད་པ་རེད།འདུ་ཤེས་འཛིན་སྟངས་འདིའི་རིགས་སློབ་གསོའི་གོ་རྟོགས་དམའ་བའི་མི་མང་མང་ཚོགས་ཤིག་གི་ངོས་ནས་བལྟས་ན་དྲང་བདེན་གྱི་གནས་ལུགས་ཁུང་བཙུན་པ་ཞིག་ཏུ་ཚུགས་ཐུབ་ཡོད་པས་ཀྱང་།   མཐོ་རིམ་སློབ་གསོའི་གོ་རྟོགས་ཅན་གྱི་སློབ་གྲྭ་ཆེན་མོ་བ་ཞིག་གི་ངོས་ནས་བཤད་ན་འོས་པ་ཞིག་མ་ཡིན་ཏེ།རང་བྱུང་ཚན་རིག་གི་འཕེལ་འགྲོས་དེས་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་འཕེལ་རྒྱས་ཀྱི་ལམ་བུ་དེ་མདུན་ནས་མདུན་དུ་འཁྲིད་ཀྱིན་ཡོད་པས།མི་ཡི་འཚོ་བ་རོལ་སྟངས་དང་ངལ་རྩོལ་གྱི་བདམ་ག་དེ་ཡང་བབ་བསྟུན་གྱིས་འགྱུར་བའི་ངོ་བོ་རུ་ཆས་ཀྱིན་ཡོད་ན།ང་ཚོས་ད་དུང་ཡང་“ཨ་མྱེས་རང་ཚགས་པར་ཀློག་ཤེས་པ་ཙམ་གྱིས་སྲིད་གཞུང་གི་བྱ་སྒྲུབ་པར་གྱུར་བ་དང་།  ཨ་ཕས་རྒྱུགས་མ་སྤྲད་པར་སློབ་གྲྭ་ཆེན་མོ་སོང་ནས་སྲིད་གཞུང་གི་བྱ་བ་ལོན་པ།ཕུ་བོའི་སྐར་འབྲས་ད་ལྟའི་མཐོ་རྒྱུགས་ཀྱི་སྐར་མ་གཅོད་ཚད་ལས་ལྡབ་གཅིག་གིས་དམའ་ནའང་སློབ་གྲྭ་ཆེན་མོ་བཏོན་ཏེ་སྲིད་གཞུང་གི་བྱ་བ་རེག་པའི”འདས་ཟིན་གྱི་སྒྱུ་འཕྲུལ་ལྟ་བུའི་སྐལ་བ་དེ་དག་རང་ཉིད་ཀྱི་བསམ་བློ་སྒྱིད་ལུག་ཉམས་དམད་ཀྱི་གནས་སུ་འདེད་པའི་ཁ་གཡོར་སར་མི་འཇོག་པར།དུས་རབས་ཀྱི་དགོས་པ་དང་འཚམ་པའི་འཇོན་མི་ཞིག་གི་ལས་གནས་སུ་འཛེགས་རྒྱུའི་རེ་བ་དེ་སེམས་ལ་ཕུར་ཚུགས་སུ་མ་བཏབ་པས།མཐོང་ལམ་མོག་མོག་ཅན་དང་ཕུགས་བསམ་གཞན་རྟེན་ཅན་གྱི་བསམ་ཚུལ་ཁོ་ནས་རང་གི་གཉེར་བྱའི་བགྱི་བ་མཐའ་དག་ཝུ་སོབ་ཅན་དུ་འཕྲོས་འགྱུར་བར་རིག་གོ།
    གཉིས་པ།བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་གི་བསམ་བློ་ཝུ་སོབ་ཅན་དུ་འགྱུར་གྱིན་པ།
   སྦྱོང་ཚན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅིག་ལ་ཨ་འཐས་བྱེད་ཀྱིན་པའི་བོད་ཀྱི་སློབ་ཆེན་སློབ་མ་དག་ལ་མཚོན་ན་ཚན་ཁག་གི་བྱེད་ནུས་དང་དབྱེ་བ་སོགས་གསལ་བོར་འབྱེད་ཐུབ་ཀྱིན་མེད་པར་བོད་ཡིག་འདོན་ཚད་རྩོམ་འབྲིའི་ཆེད་དང་།  རྩིས་ཚན་སྦྱངས་པ་མཐར་ཕྱིན་འཛིན་ཡིག་གི་ཆེད་དུ་ཡིན་པའི་དམིགས་ཡུལ་ཙམ་པོ་ཞིག་གིས་ནམ་དུ་ཡང་“སྐར་མ་དྲུག་ཅུ་ཁྲི་ལོ་བརྟན”རྒྱུ་དེ་མཐར་ཐུག་གི་འབྲས་བུ་ལྡོག་ལྡོག་པོར་དམིགས་ནས(ཐ་ན་ཞིབ་འཇུག་སློབ་མ་སོགས་ཡིན་པས་ཀྱང)སྣོག་ལས་སྣ་ཚོགས་ལ་ཀླད་པ་འགུལ་གྱིན་རང་གི་འགན་བབ་ལས་ཀ་དེ་གཏིང་བརྗེད་དུ་གྱུར་བའི་གནད་དོན་བྱུང་ཡོད་དེ།   སློབ་གྲྭ་ཆེན་མོ་བ་ཕལ་ཆེ་བ་ཞིག་གིས་སློབ་མཐར་ཕྱིན་པ་ནས་ཕ་མ་སོགས་དང་ལྷན་དུ་མཉམ་རུབ་སྒོས་སྲིད་གཞུང་གི་སྒོ་ཁ་དག་ལ་ལྕགས་ཀྱི་ཕོར་བ་སློང་གིན་ཡོང་བ་དེ་ཡང་གནས་ལུགས་དང་མཐུན་པའི་སྤྱོད་སྟངས་ཤིག་ལ་ངོས་བཟུང་ཡོད་པ་དེས་ཤེས་ཐུབ།(རྩ་བ་ནས་ཡོངས་མི་ཆོག་ཅེས་པའི་དོན་ནི་མ་ཡིན་པར་ཡོངས་མཁན་ཇེ་ཉུང་དུ་སོང་ན་དགའ་སྙམ་གྱིས་ཤོད་པ་ཞིག་ཡིན)རྒྱལ་ཁབ་གང་དང་སྲིད་ཇུས་གང་ལ་མཚོན་ནའང་འོས་འགན་སློབ་གསོའི་གཞི་རྒྱ་ལས་འཕྲོས་ཏེ་འབངས་མི་སེར་སྤྱིའི་ཤེས་བྱའི་ཚད་གཞི་དམིགས་ཚད་དང་ལོངས་སུ་འཇུག་དགོས་པ་དེ་ཁ་ཚ་དགོས་གཏུག་གི་ལས་ཤིག་ཏུ་གནང་བས་ཀྱང་།ཀུན་པོ་སྲིད་གཞུང་གི་བྱ་སྒྲུབ་པ་ཏག་ཏག་ཏུ་འགྱུར་དགོས་པའི་ཇུས་ཆོད་ནི་ཡོད་མི་སྲིད་དེ།དེ་ལྟར་གྱུར་ངེས་ན་མཐའ་མཇུག་ཞིང་པ་དང་འབྲོག་པ།ཚོང་པ་སོགས་ད་ལྟའི་མིའི་རིགས་ཀྱི་འཚོ་བ་དང་འདྲིས་ནས་ཡོད་པའི་ཐ་སྙད་སྐོར་ཅིག་ཀྱང་མི་སྣང་བར་འགྱུར་སྲིད་པས་སོ།།དེ་བས་རང་རེའི་སློབ་གྲྭ་ཆེན་མོ་བ་དག་གིས་ཀྱང་རྣམ་པ་ཁོ་ནའི་གཟི་བརྗིད་ཅིག་གམ་ཡང་ན་སྟོང་བསམ་གྱི་ཕུགས་འདུན་ཁོ་ནས་ཆེད་དུ་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་རང་ལ་དགོས་སྐལ་དུ་བབས་པའི་མཐོ་རིམ་སློབ་གསོའི་དགེ་མཚན་གྱིས་བཏེགས་པའི་ཤེས་བྱ་ཡོན་ཏན་སོགས་བེད་སྤྱད་དེ་ཆེད་ལས་རང་བཞིན་གྱི་ལས་ཀ་དག་ལ་ཤུགས་རྒྱག་པ་དང་།   མིག་སྔའི་སྤྱི་ཚོགས་འཚོ་བར་དགོས་གལ་རང་བཞིན་གྱི་འཇོན་ཐང་སོགས་ལ་དམིགས་ཡུལ་འཛུགས་རྒྱུ་མ་གཏོགས།ཕ་ཡིས་བརྗོད་ཚད་ལེགས་བཤད་དང་མ་ཡིས་བླུད་ཚད་ནུ་ཞོ་ཡིན་བསམ་པའི་བསམ་བློ་རྙིང་བ་དེས་རང་ཉིད་ནམ་དུ་ཡང་སྲིད་གཞུང་སོགས་ཀྱི་འཐོབ་ཆ་ལ་དམིགས་པ་འཛུགས་པའི་ཤེས་ཡོན་ཅན་ཞིག་ཏུ་བཞེངས་སྐྲུན་བྱས་པ་ཡིན་ན།རྒྱུན་སྲོལ་ཅན་གྱི་ངོ་བོ་དེས་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་འཕེལ་འགྲོས་ཀྱི་ཚད་དེ་ནང་སྙིང་མེད་པའི་སིལ་ཤ་ཁོག་སྟོང་ཞིག་ཏུ་བསྒྱུར་ངེས་ལ།   དངོས་ཡོད་འཚོ་བར་བློ་ལྡོང་བ་ནས་སུམ་རྟག་སོགས་ཆེས་རྩ་བའི་རིག་ལམ་རེ་ཡི་གཟི་བརྗིད་དངོམ་གྱིན་རང་གི་མ་འོངས་མདུན་ལམ་ལ་བདག་པོ་རྒྱག་ཐབས་མ་བྱུང་བར།སྟོང་བསམ་དང་རྨོངས་འཐོམ་གྱི་རང་བཞིན་ཁོ་ནས་དངོས་ཡོད་འཚོ་བ་ལ་ལག་འཇུ་བྱས་ཏེ་རང་ཉིད་ལས་གང་ལའང་མི་འཚམ་པའི་མི་ལྷག་མ་ཞིག་ཏུ་འགྲོས་ཅི་ཐུབ་བྱེད་པ་འདིས་བོད་མི་རིགས་ཀྱི་མ་འོངས་པའི་བདག་པོར་ངེས་པ་རྙེད་པའི་བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་གི་བློ་སྟོབས་དང་བསམ་བློའི་ངོ་བོ་དེ་ཝུ་སོབ་ཅན་དུ་བསྒྱུར་ཡོད་དོ།།
       གསུམ་པ།རེ་བའི་ཁ་བརྡ།
ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་འདིས་རིགས་ཤོད་པས་མང་པོ་ཞིག་ལ་ཐ་དད་པའི་བསམ་ཚུལ་སྣ་ཚོགས་ཤིག་འཁོར་ཡོང་ངེས་སྟེ།   ཕྱོགས་གཅིག་ནས་མི་རིགས་སྐད་ཡིག་གི་རང་དབང་འཕེལ་རྒྱས་དང་།ས་གནས་རང་སྐྱོང་གི་ཇུས་ཆོད་ལྟར་བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་ལ་འོས་པའི་ལས་ཀ་ཞིག་གམ་མཛའ་བའི་བྱ་བ་ཞིག་ཡོད་པ་གྲངས་ཀའི་ཚད་བཅད་དང་ཆོག་པ་ཞིག་དང་།   ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཚན་ཁག་གི་དབྱེ་བ་དགར་ཚུལ་དེ་གཙོ་བོ་སྤྱི་ཚོགས་ཚན་རིག་གི་ཁུངས་སུ་འདུས་ནས་ཡོད་པའི་བོད་ཀྱི་སློབ་ཆེན་སློབ་མ་དག་ལ་མཚོན་ན་རང་གི་ལམ་ཁ་དེ་སྔོན་ཞིག་ནས་གཏན་སྲོལ་ཅན་དང་སྤྱི་འགྲོས་ཅན་གྱི་ལམ་དུ་བཏེད་ཡོད་པ་འདིས་ལམ་མེད་དམིགས་མེད་ཀྱི་རང་བཞིན་ཞིག་མངོན་ནས་ཡོད་ནའང་།ད་ལྟའི་བར་དུ་བསླབ་བྱ་དྲུག་ཅུ་བདུན་ཅུ་ཞིག་བམ་རྫོགས་བྱེད་ཀྱིན་དུས་ཚོད་འགྱངས་པའི་མུན་འཐོབ་ཀྱི་ལས་དབང་སྐྱོ་བོ་དེ་བསྒྱུར་བཅོས་བྱ་དགོས་པའི་སྐོར་ལ་བོད་ཀྱི་སློབ་ཆེན་པ་དག་གིས་འབོད་སྐུལ་མ་བཏང་བ་ནི་ཤིན་ཏུ་ནས་སྐྱོ་བའི་ལས་ཤིག་གམ་ཕམ་པའི་གཞི་རུ་གྱུར་དང་འགྱུར་བཞིན་ཡོད་པས།ང་ཚོའི་སློབ་གྲྭ་ཆེན་མོ་བ་དག་ལ་མཚོན་ན་དུས་བསྟུན་སྔོན་སྐྱོད་ཀྱི་རེ་བ་ལྟར་བདམ་གསེས་ཡོད་པ་དང་།དམིགས་ཡུལ་ལོངས་པའི་བསླབ་ཚན་ཞིག་ལ་བསམ་བློ་འཁོར་རྒྱུ་མ་གཏོགས་ད་དུང་ཡང་དངུལ་བྱང་ཁོ་ནར་སེམས་ཤོར་བཞིན་ཡོད་ཚད་བརླག་འགྱུར་བའི་མནོ་བསམ་གྱི་ནད་རྙིང་དེ་རྩ་བ་ནས་འདོར་བར་རིག་སྟེ།ཡིན་རྒྱུ་ནི་ཁྱེད་ཚོ་ལ་མཛད་མེད་ཀྱི་ལང་ཚོའི་སྟོབས་ཤུགས་ཤིག་དང་བླ་ན་མེད་པའི་བསམ་བློའི་གོ་རྟོགས་ཤིག་ཡོད་པས།གྲག་མེད་འགུལ་མེད་ཀྱིས་ཕྱིར་མ་བཏོན་པའི་གཏེར་ཁ་མང་པོ་ཞིག་སྔོགས་འདོན་བྱ་རྒྱུའི་རེ་བ་ཁྱེད་ཅག་ལ་བསྐྱུར་ནས་ཡོད་ཅིང་།འཕེལ་རྒྱས་ཁྲོད་ཀྱི་བོད་སྤྱི་ཚོགས་ཧྲིལ་བོའི་བཞིན་རས་དེ་བོད་རང་མཚན་པའི་གཟི་བརྗིད་ཅན་གྱི་ངོ་གདོང་ཞིག་ཏུ་བསྒྱུར་བཅོས་བྱ་རྒྱུར་ང་ཚོས་རེ་བ་ཆེན་པོའི་སྒུག་ནས་ཡོད་པས་སོ།།
  • ལེ་ཚན་སྔོན་མ།:ལྟ་བརྗོད་ཀྱི་ཡོ་ལང་ལྕགས་ཀྱུ་མ།
  • ལེ་ཚན་རྗེས་མ།:ང་དང་མིང་སྲིང་རྣམ་གསུམ་གྱི་གཏམ་རྒྱུད།