ང་དང་མིང་སྲིང་རྣམ་གསུམ་གྱི་གཏམ་རྒྱུད།

ཆོས་བཞིན།        2011-12-29

     གླེང་གཞི།
     འཇིག་རྟེན་ན་བདེ་སྡུག་མང་ཞིང་འཚོ་བ་ལ་དགའ་སྐྱོ་མང་།ང་རང་ཆོས་ཉིད་དེའི་དཀར་ནག་གི་མཚམས་ནས་རྒལ་མི་ཐུབ་དུས།འབྲི་དེབ་ཞིག་ཁ་ཕྱེ་ཞིང་སྙུ་གུ་ཞིག་ལག་ཏུ་བཟུང་ནས།རྒྱང་རིང་གི་ཕ་ཡུལ་ལ་བལྟས་ཤིང་མི་ཚོགས་ཀྱི་མཐོ་སར་བུད་དེ་ཅི་ཞིག་གི་མགོ་གླེང་བ་ཡིན།
     ༡བུ་ཆུང་འཇམ་དབྱངས་བཀྲ་ཤིས།
     ཁྱོད་རང་ལ་ཁྱོད་རང་གི་ངེས་གཏན་གྱི་ཨ་མ་དང་ངེས་མེད་ཀྱི་ཨ་ཕ་ཡོད་སྲིད་ཀྱང་།དེ་དག་དང་ལྷན་དུ་འཚོ་བ་མི་རོལ་བར་ཨ་ཞང་དེའི་ཁ་འོག་ལག་འོག་ནས་ཁ་རྡུང་དང་ཐལ་ལྕག་ཉོ་དུས་ངོ་མ་སྙིང་རྗེ་ཨང་།ཡིན་ནའང་།སྐབས་འགར་ཁྱོད་རང་པྲ་ཚག་པའི་དབང་གིས་དོན་མེད་ངས་ཀྱང་སྐྲག་སྣང་སྣ་ཚོགས་ཕུད་མྱོངས།དེའང་གསལ་བོར་བཤད་ན།དང་ཐོག་ཁྱོད་རང་ཨ་མའི་རུམ་ཁུག་ནས་བུད་དེ་ཨ་མའི་འཛུམ་ཞལ་དང་གྱེས་ནས་འགྲོ་སྐབས།མ་བུ་གཉིས་ཀྱི་དུངས་སེམས་མཚོན་པའི་མིག་ཆུ་ཐིགས་པ་གཅིག་ཀྱང་ལྷུང་མེད་ལ་ལྷུང་ཡང་མི་སྲིད།བདེན་དེ་ཨ་མས་ཁྱོད་རང་བུ་ཁེར་ཡིན་པར་བློ་ཁ་ཙམ་ཡང་མ་ཕྱོགས་ན།ཁྱོད་རང་འཛུམ་ཤིག་གེར་ཨ་ཞང་དེའི་ཉེ་སར་མི་བཅར་ཁག་མེད་རེད།དེའི་རྐྱེན་པས།ཐག་རིང་གི་ཡུལ་གྲུ་ནས་ངས་ཁྱོས་རང་དྲན་ཐེངས་རེར་ངའི་སེམས་གོར་མ་རྡོ་ལས་འཁྱག་ཅིང་།ལུས་དུམ་ཞིང་པྲ་ཚག་པའི་ཁྱོད་རང་ནར་སོན་ཐུབ་བམ་བསམ་བཞིན་དུ།འདང་རྒྱག་གིན་རྒྱག་གིན་དྲན་རྟེན་འདི་བྲིས་པ་ཡིན།
     ༢བུ་མོ་ཚེ་རིང་སྐྱིད།
     ཁྱོད་ཀྱི་ཕྲ་ཞིང་ལྡེམ་པའི་སྐེད་སྐབས་དང་གནག་ཅིང་སྣུམ་པའི་སྐྲ་ལོ་སོགས་དྲན་ཐེངས་རེར།ང་བུད་སོང་ཤུལ་ན་ཁྱོད་ཀྱིས་མིག་ཆུ་རེ་ཕྱི་བཞིན།ད་དུང་ནོར་གནག་གི་སུག་རྗེས་ན་རྫི་གླུ་ཞིག་དབྱངས་སུ་གྱེར་ཞོར་བསྡད་ཡོད་ཁོ་ཐག་ཡིན།རྒྱུ་མཚན་ནི་ཁྱོད་མིང་སྲིང་གཉིས་པོ་ཨ་ཞང་གི་ལག་འོག་ན་འབུད་ཤིང་དང་འཐུང་ཆུ་རེ་ཁུར་ནས་ཧ་ལམ་ཉོ་དུང་དུང་གིས་འཚོ་བ་ཞིག་རོལ་བཞིན་པ་མ་ཡིན་ནམ།ཁྱོད་རང་ཨ་མ་དང་བྲལ་ནས་འགྲོ་ཉིན་ནས།ཁྱོད་ཚོར་གཅེས་སེམས་དང་བྱམས་སེམས་སྐྱེ་མཁན་བགྲང་གིས་མི་ལོན་ཡང་།དྲང་མོར་བཤད་ན།མཐའ་མཇུག་གི་སྐྱབས་སུ་འགྲོ་ཡུལ་ནི་ཞང་རྒན་དེ་ཡིན་ལ།དེ་དག་ལ་ལག་ཐོག་ཆུ་ལྡུག་དང་ལག་འོག་མེ་འབུད་རེ་དགོས་ཁོ་ཐག་རེད།དེ་འདྲའི་གཏམ་རྒྱུད་ཁག་ལ་བསམ་ཞིང་བསམ་དུས།ངས་གཞོན་ནུ་ཚོ་འདུ་རུབ་བྱེད་སའི་བར་གསེབ་ནས་ཟིན་ཐོ་འདི་འགོད་ཐབས་བྱས་པ་ཡིན།
     ༣ཨ་ཅེ་དངོས་གྲུབ་ལྷ་མོ།
     ཨ་མའི་ལག་ཟས་ཟ་ས་ནས་ནར་སོན་ཏེ།འབྲོག་ཁྱིམ་དཀྱིས་མ་ཞིག་ནས་འཚོ་བ་གསར་བ་ཞིག་རོལ་དུས།ཁྱོད་རང་ལ་བདེ་སྐྱིད་ཅིག་མེད་པ་སྔ་ས་ནས་ཤེས་ཡོད་ཀྱང་།ཕུ་བོ་དེའི་འདོད་བློ་ལྟར་ཡིན་པས་ངས་ཁྱོད་ཀྱི་རྐང་ལམ་དེར་གས་སྐྱོན་གཏན་ནས་མ་བཏང་།དེ་རིང་ཡང་ངས་ཁྱོད་ཀྱི་ཕྱོགས་སུ་བསམ་བློ་གཏོང་དུས།ཡང་བསྐྱར་ཁྱོད་ཀྱི་བྱུང་རིམ་ཡིད་ལ་འཁོར་ཞིང་མཐིང་མདོག་གི་རྨི་ལམ་གསར་བ་ཞིག་བཞེངས་པ་ཡིན།ཁྱོད་རང་ཚེ་སྲོག་གི་མེ་ཏོག་འཐོར་སའི་ཕ་གཞིས་དེ་ནས་བཞུད་འགྲོ་དུས།ཨ་མས་ཁྱོད་ལ་བརྫང་བ་ནི་ཕུ་བོ་དེས་བསླང་བའི་སྤྲང་ཟས་ཡིན་ལ།གནས་ཡུལ་དེ་ན་ཡོད་པ་ནི་ཨ་ནེ་དེའི་ཁ་ཡག་ཁོ་ན་རེད།དེར་མ་ཟད་གཞི་གསར་དེའི་ཉེ་འཁོར་ན་ཡོད་པའི་མི་དེ་དག་གིས་ཀྱང་ཁ་ཡག་དང་ངོ་བསྟོད་ཟླུམ་པོས།ཁྱོད་ཀྱི་གཡས་གཡོན་ནས་ལྡིང་སྐོར་རྒྱག་དུས།མནའ་མ་ཞག་གསུམ་སྐྱིད་ཀྱང་ཚེ་གཅིག་སྡུག་ཟེར་བའི་གཏམ་དཔེ་དེ་ཡིད་ལ་མི་དྲན་ནམ།ཨ་ཅེ་ལགས།ཁྱོད་ཀྱིས་མུན་ནག་གི་འཚོ་ལམ་དེ་ནས་འཇིག་རྟེན་དཀར་ངོགས་སུ་ལག་པ་ཅི་ལྟར་བརྐྱང་རུང་།ཁྱོད་ལ་ཐོབ་བཞིན་པ་དེ་མི་ཁ་དང་དམོད་མོ་ལས་ཅི་ཡང་མེད།ཡང་གཅིག་བཤད་ན།ང་ཡང་ཧ་ཅང་ཐེབས་ཆག་གི་མི་ངན་ཞིག་ཡིན་ཏེ།ཁྱོད་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་ནམ་ཡང་སྐྲུན་ཐུབ་རྒྱུ་མེད་པས་ཡིན།དེའང་ང་རང་ཁྱོད་ཀྱི་ཐག་ཉེ་སར་ཡོང་ཐེངས་རེ་རེར།ནོར་འདོད་ཀྱི་རྐུན་པོ་བཞིན་ཡོད་ཚད་ཁུར་ནས་བུད་སོང་ལ།འགྲོ་ཁར་ཁྱོད་ངའི་རྒྱབ་གཟུགས་ལ་ཅེར་ནས་བསམ་གཞིག་བཏང་ཡོད་ཀྱང་།ངས་ཕྱིར་མིག་ཙམ་ཡང་མ་བལྟས་པར་ཆས་སོང་ཨང་།རེད་དེ།མི་ལོ་དུ་མའི་རིང་ལ་སྙིང་ཁོང་དུ་སྦེད་པའི་ཨ་ཕ་དེའི་ཉེ་འཁོར་ནས་ཐག་རིང་དུ་གཏན་ནས་འགྲོ་མི་རུང་།འདི་ནི་ངའི་སེམས་གཏིང་ནས་འཕྱུར་བའི་སྙིང་གཏམ་ཁེར་མ་ཡིན་ཡ།
     མཇུག་བྲིས།
     ང་ཚོས་འཇིག་རྟེན་གྱི་གཞི་རིམ་ཞིག་ན་འཚོ་བ་རོལ་བཞིན་ཡོད།འོན་ཀྱང་།རྡོག་ཁྲེས་འདི་ནམ་ཡང་ང་ཚོའི་ཕྲག་སྟེང་ནས་བྱོལ་ཐབས་མེད་པ་ཞིག་ག་ལ་ཡིན།དེའི་ཕྱིར།བདེ་སྐྱིད་ཀྱི་འཚོ་བ་གྲོགས་སུ་བཀུགས་ནས་ལྷན་འཛོམས་ཀྱི་སྤྲོ་དགའ་དབྱངས་སུ་གྱེར་དུས་ཤིག་ཡོད་ལ།ཡོད་ཆོག་ཆོག་ཀྱང་ཡིན།
  • ལེ་ཚན་སྔོན་མ།:ལྦུ་སོབ་ཅན་དུ་འགྱུར་གྱིན་པའི་སློབ་གྲྭ་ཆེན་མོ་བ།
  • ལེ་ཚན་རྗེས་མ།:ཁྱི་དང་ཞི་མི།