ཁྱི་དང་ཞི་མི།

བུ་ཚེ་རིང་རྒན་པས།        2012-01-09

མི་རྣམས་ཀྱིས་ཁྱི་དང་ཞི་མིར་དགའ་པོ་བྱེད་པར་རྒྱུ་མཚན་ལོས་ཀྱང་མཆིས།བོད་ཀྱི་ཁ་དཔེར་“ཁྱི་ཞིམ་བསད་ན་དོན་མི་སྒྲུབ”ཅེས་ཁྱི་དང་ཞི་མི་བསད་ན་སྤུ་རྐང་རེ་རེར་མཆོད་མེ་ཀོང་བུ་རེ་འབུལ་ཡང་སྡིག་གྲིབ་མི་དག་ཟེར་བ་ལས་ཀྱང་བོད་པ་རྣམས་ཀྱིས་ཁྱི་ཞིམ་གཉིས་ལ་དགའ་ཞིང་གཅེས་པའི་བསམ་པའི་འཁྱེར་བཟོ་དེ་མངོན་འོང་།ཡིན་ནའང་སྲོག་ཆགས་དེ་གཉིས་ལ་ཞིབ་ཕྲའི་ཉམས་ཞིབ་བྱས་ཚེ་ཁྱི་ཞིམ་གཉིས་ཀྱི་རང་གཤིས་ལ་ཁྱད་པར་ཆེན་པོ་ཡོད་པ་གསལ་པོར་རྟོགས་འོང་།
  ཁྱི་བ་ཡུལ་དང་།བྱེད་ལས།གཟུགས་སྟོབས།དབྱིབས་ལ་སོགས་པའི་ཆ་ནས་རྒྱ་ཁྱི་དང་།བོད་ཁྱི།འབྲོག་ཁྱི།སྒོ་ཁྱི།བརྔོན་ཁྱི།ཁྱི་སྤྱང་།སེང་ཕྲུག་ལ་སོགས་ཤིན་ཏུ་ནས་མང་ཡང་ཁྱི་ནི་ལྷག་བསམ་རྣམ་པ་དག་པའི་སྲོག་ཆགས་ཤིག་ཡིན་ཙང་མིའི་རིགས་ཀྱི་བློས་ཐུབ་གྲོགས་པོ་ཞེས་པའི་མཚན་སྙན་གསོལ།ཁྱིས་རང་ཉིད་གཉོར་སྐྱོང་བྱེད་མཁན་ཁྱིམ་ཚང་དེའི་དབུལ་ཕྱུག་ལ་མི་ལྟ་བར་རང་གི་བདག་པོར་དུས་རྟག་ཏུ་བློ་དཀར་སེམས་དཀར་གྱིས་བློ་གང་བྱུང་དུ་བསྒྱུར་བར་མི་བྱེད་དེ་རྒྱའི་གཏམ་དཔེར“ཁྱིམ་ཚང་དབུལ་ཡང་སྒོ་ཁྱིས་ལོག་ལྟ་མི་འཛིན།ཨ་མ་རང་མདོག་ངན་ཀྱང་བུ་ཡིས་སྐྱུག་བྲོ་མི་ལྟ”ཞེས་བརྗོད།ཁྱིས་རང་ལ་བྱམས་པའི་བདག་པོ་གང་ཞིག་དང་ལོ་མང་པོའི་རིང་བྲལ་ན་ཡང་ནམ་ཞིག་དེ་དང་ཕྲད་པའི་ཚེ་གཏན་ནས་བརྗེད་དུ་མེད་པར་སྔར་བཞིན་མཇུག་མ་གཡུག་གཡུག་གིས་དེའི་སྔུན་བསུས་ནས་སིའུ་སིའུ་ཅེས་པའི་སྒྲ་དང་བཅས་ཁ་སྣ་བདག་པོའི་ངོ་ལ་སྦྱོར་ཏེ་ངོ་ཤེས་འབྲེལ་འདྲིལ་ཆེན་པོའི་དགའ་སྣང་དཔག་མེད་བྱེད།ཁྱིས་དབྱར་ཆར་ཞོད་དམ་ཚ་བ་ཆེ་དུས་དང་དགུན་གངས་ལྷགས་འར་འུར་དུ་ལྡང་བའི་གནམ་གཤིས་གྲང་དུས་སོགས་སྔར་དགོང་དང་ནམ་དུས་གང་གི་དུས་སུའང་དམའ་ས་ཟིན་ནས་སྒོ་དྲུང་དུ་ལུས་སེམས་བདེ་མོས་གནས་བཅའ་སྟེ་ཁྱིམ་ཚང་གང་དེའི་སྲུང་མ་ལྟར་སྒོ་དམ་པོར་སྲུང་ནས་རྒྱུས་མེད་ཀྱི་སྐྱེ་བོ་གང་ཞིག་དང་ཐ་ན་རྒྱུས་མེད་སྲོག་ཆགས་ཙམ་ཡང་གང་བྱུང་དུ་མ་བཏང་བར་ཕྱི་དགྲ་དང་གཅན་གཟན་གང་ལའང་འཛེམ་སྣང་དང་འཇིགས་སྣང་སྤུ་ཙམ་མེད་པར་ཟུག་ཕོད་ཅིང་མཆོང་ཡང་ཕོད།ཁྱིས་དུས་རྟག་ཏུ་དཀའ་སྡུག་གིས་ལས་དོན་ཇི་ལྟར་སྒྲུབ་ནའང་མི་དང་གོ་ས་མི་རྩོད་ལ་ཟས་སྤྱོད་ཐད་ཧམ་གཤེད་དང་ཐོབ་ཤོར་གྱི་འཁང་ར་དང་སྡུག་ཡུས་ཀྱི་འཁུན་སྒྲ་ཡེ་ནས་མི་བྱེད།དེ་ནི་ཁྱི་ཡི་རང་གཤིས་ཡིན་ལ་གཤིས་སྤྱོད་ཀྱང་ཡིན་པས་མི་རྣམས་ཀྱིས་དགའ་ས་མོས་ས་དང་སྡང་དགྲས་འཇིགས་ས་འཁོན་ས་དེ་ཡིན་ལ་ཁྱི་ཞིམ་གཉིས་ཀྱི་མི་འདྲ་བའི་གནས་སམ་ཁྱད་པར་ཡང་དེའོ།།
ཞི་མི་ནི་ཁྱི་དང་མི་འདྲ་བའི་སྲོག་ཆགས་མགོ་བདེ་ཡ་མ་སླ་ཞིང་ཨ་སར་ཅན་ཞིག་ཡིན་པས་མི་རྣམས་ཀྱིས་གཡོ་ཁྲམ་གཉིས་ལ་མཁས་པའི་སྐྱེ་བོ་གང་ཞིག་ལ“ཞི་མི་འདྲ་བའི་མི་དེ”ཅེས་འཕྱ་བར་བྱེད།ཞི་མིས་རང་ཉིད་འཚོ་གནས་བྱེད་ཡུལ་གྱི་ཁྱིམ་ཚང་གང་དེའི་དབུལ་ཕྱུག་ལ་དོ་སྣང་ཆེན་པོས་ཁྱིམ་ཚང་དེ་འབྱོར་པ་ཆེ་བའི་དུས་སུ་དེར་བརྟེན་ནས་སྡོད་པ་མ་ཟད་རྟག་ཏུ་ཁྱིམ་མིའི་ཉེ་སར་བཅར་ནས་དུང་ཞེན་ཆེ་བ་དང་བྲལ་དུ་མི་བཟོད་པའི་ཚུལ་གྱིས་རྨའོ……རྨའོ……ཞེས་རང་ལ་ཁྱིམ་མི་ཚོའི་བྱསམ་བརྩེ་དང་སྙིང་རྗེས་ཐོབ་ཐབས་བྱེད་པ་དང་ཁྱིམ་མི་ཚོས་ཟ་མ་ཟོས་རིམ་བཞིན་དེའི་ངོ་ལ་ལྟས་ནས་ཡང་རྨའོ……རྨའོ……ཞེས་ཟ་བཞིན་པའི་ཟས་དེ་ནས་རང་ལ་ཐོབ་ཐབས་བྱེད་པ་མ་ཟད་ཞི་མི་ལ་ལས་སྦྱིན་བདག་ཡོད་དུས་ཧ་ཅང་ཉམ་ཆུང་ཡ་རབ་ཚུལ་དུ་གནས་པ་དང་སྦྱིན་བདག་མེད་པའི་སྐབས་རང་གཟུགས་ངོ་མ་དམར་རྗེན་དུ་སྟོན་ནས་རང་ལུས་ཀྱི་ཐབས་དང་རྩལ་ཐམས་ཅད་སྤྱད་དེ་ཁྱིམ་ཚང་དེའི་གང་ཞིག་གང་དགའི་བཟའ་འཐུང་རྣམས་རྐུས་ཏེ་ལོངས་སུ་སྤྱོད་པར་བྱེད་པའི་ལས་མེད་བདེ་བར་འདོད་པའི་སྲོག་ཆགས་ལེ་ལོ་ཅན་ཞིག་ཡིན་གཤིས་རྒྱུན་པར་ཉི་ཁུག་ཐབ་ཁུག་དང་།མལ་སའི་སྟེང་།སྦྱིན་བདག་གི་པང་ལ་སོགས་གང་དྲོ་གང་སྐྱིད་ཀྱི་ས་ལ་ཉལ་ནས་སྡོད་རྒྱུར་གོམ་ཤིང་ཁྱིམ་བདག་གང་དེ་རང་གི་སྡོད་གནས་ལས་བྲལ་མ་ཐག་དེའི་སྡོད་གནས་ལ་རྔམ་ཤོར་བྱེད་པ་སོགས་ག་དུས་ཡིན་ཡང་ངལ་མེད་བདེ་བའི་གནས་ཞིག་གློ་བུར་གནམ་ལས་ལྷུངས་རེ་བྱེད།
 དམངས་ཁྲོད་ཀྱི་བཤོད་སྲོལ་ལྟར་ན་རྒྱུན་པར་ཞི་མིའི་སེམས་ནང་བདག་པོ་འདི་མགྱོགས་ཙམ་འཆི་ན་ཅི་མ་རུང་།དེ་ལྟར་ན་བདག་པོའི་སྡོད་གནས་སྐྱིད་པོ་དེ་ང་ལ་ཐོབ་ཀྱི་རེད་སྙམ་པ་མ་ཟད་རྟག་ཏུ་དེ་ལྟའི་སྨོན་ལམ་ཀྱང་འདེབས་ཀྱི་ཡོད་ཟེར།ཁྱིམ་ཚང་གང་ཞིག་འབྱོར་ཕྱུག་དང་ལྡན་ན་ཞི་མིས་དེར་གནས་བཅའ་ནས་སྡོད་པ་དང་ནམ་ཞིག་ཁྱིམ་ཚང་དེ་རྒུད་པའི་ཚེ་ཁོས་དེ་སྔ་ཁྱིམ་བདག་གིས་བྱམས་སེམས་ཆེན་པོས་རང་ཉིད་གཉོར་སྐྱོང་ཇི་ལྟར་བྱས་ན་ཡང་དེ་དག་ཚང་མ་རྨི་ལམ་གྱི་ཚུལ་དུ་གཏིང་བརྗེད་དུ་བཏང་ནས་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་གཞན་དུ་སྤོ་བར་བྱེད།ཞི་མི་ནི་ད་དུང་ངོ་འཇམ་འདིང་གནག་དང་ཞེ་སྡང་ང་རྒྱལ་ཆེ་བའི་སྲོག་ཆགས་ཞིག་སྟེ་དེས་བྱིའུ་དང་།ཙི་ཙི།ཐ་ན་སྦྲང་མ་སོགས་འཛིན་དུས་ཀྱང་ཁྱི་ལྟར་དཔའ་བོ་གཡུལ་སར་ཞུགས་པ་ལྟར་མངོན་སུམ་འཛེམས་མེད་དང་གཡོ་ཟོལ་མེད་པར་དེའི་ཐོག་ཏུ་མཆོང་ནས་འཛིན་པར་མི་བྱེད་པར་རྐང་འཇབ་ལག་འཇབ་ཀྱིས་སྲོག་ཆགས་དེའི་རྒྱབ་ནས་ཉེ་བར་བཅར་རྗེས་སྲོག་ཆགས་དེ་ཉེན་ཟོག་ཅི་ཡང་མིད་དུས་གློ་བུར་དུ་མཆོངས་ཏེ་དེ་བསམ་དབང་དྲན་དབང་མེད་པར་འཛིན་པ་མ་ཟད་ཕྲལ་དུ་ཟས་སུ་མ་སྤྱོད་པར་རེ་གློད་རེ་བཟུང་གིས་མནར་གཅོད་ཡང་ཡང་བཏང་མཐར་རྩེད་འདོད་དང་ང་རྒྱལ་གྱི་བློ་ཁ་ཡོངས་སུ་ཚིམ་པ་སྟེ་སྲོག་ཆགས་དེ་རང་གི་གདུག་རྩུབ་ཆེ་བའི་སྡེར་མོའི་འོག་འུ་ཐུག་ཐབས་ཟད་དང་རེ་མེད་གསོན་མེད་ཀྱིས་ཡ་ངའི་ཚུལ་དུ་ཤི་རུ་འཇུག་རྗེས་གཞི་ནས་ཞིམ་པོའི་ཁ་ཟས་སུ་སྤྱོད་པར་བྱེད།
 ཞི་མི་ནི་སེམས་ཅན་གཡོ་ཅན་ཞིག་ཡིན་གཤིས་དེས་ཁྲབ་པའི་གཡོ་སྒྱུའི་ལེ་ཚན་སྣ་ཚོགས་ཀྱིས་དུས་རྟག་ཏུ་མི་རྣམས་ཀྱིས་མགོ་བོ་རྨོངས་པའམ་འཁྲུལ་བར་བྱེད་པས་རྒྱུན་པར་ཞི་མིར་སྐྱེ་འགྲོའི་བྱམས་སྐྱོང་ཚད་མེད་ཐོབ་པ་མ་ཟད་སྐབས་རེ་ད་དུང་ལྷག་བསམ་རྣམ་པར་དག་ལ་ངོ་དགའ་སྤྲེལ་ལད་མི་ཤེས་ཤིང་དཔའ་ངར་དང་དཀའ་སྤྱད་སྙིང་རུས་ཅན་གྱི་སྒོ་ཁྱི་ལས་ཀྱང་བྱམས་སྐྱོང་དང་གཟིགས་སྐྱོང་ཆེ་བ་ཐོབ་ནས་ཁྱིམ་བདག་མང་པོས་རང་གི་གཅེས་པའི་བུ་ལྟར་པང་ཏུ་ཉར་ནས་བྱམས་བརྩེ་ཆེན་པོས་བྱིལ་བྱིལ་ཡང་ཡང་བྱེད་པ་དང་གང་བྱུང་ཏུ་འཇོག་ཏུའང་མི་བཟོད།
 དོན་དམ་དུ་ད་ལྟའི་སྤྱི་ཚོགས་འདིའི་འཚོ་བ་དངོས་ཀྱི་ནང་མཐོ་རིམ་གྱི་སྲོག་ཆགས་མི་ལའང་ཁྱི་དང་ཞི་མི་དང་ཡོངས་སུ་མཚུངས་པའི་ཀུན་སྤྱོད་དང་།དེ་བཞིན་མི་ཚེ་དང་རིན་ཐང་ལ་སོགས་པའི་ལྟ་བ་སྣ་ཚོགས་ཤིག་མཆིས་ཤིང་དེ་དང་དེ་འདྲའི་བཏང་སྙོམས་མིན་པའི་སྣང་ཚུལ་མང་པོ་མིག་ལམ་དུ་འཆར་དུས་ང་ལ་མངར་མིན་སྐྱུར་མིན་ཏེ་བཤོད་མི་ཤེས་པའི་ཚོར་སྣང་ཡ་མཚན་ཞིག་སྦྱིན་ནོ།
 二ཟླ་འོད་ལས་འགྱེད་པའི་དྲན་འཆར།
 དོ་དགོང་སྒེའུ་ཁུང་ནས་འཕྲོས་ཡོང་བའི་ཟླ་ཟེར་དང་མཉམ་དུ་ཐག་རི་གི་གཉེན་ཉེའི་ཞལ་རས་དང་འདས་སོང་གི་གཏམ་རྒྱུད་མང་པོ་ཞིག་ངའི་སེམས་ཁམས་སུ་ཨུ་ཚུགས་ཀྱིས་འཚངས་ནས།ངའི་དྲན་པའི་ཞིང་སར་སྟོན་འབྲས་བཞིན་དུ་སྨིན་ཏེ་སེམས་ཁམས་ཧྲིལ་བུ་ལྗིད་ཏིག་གེར་བཏང་།འདས་སོང་གི་ལོ་ཟླར་ཕྱི་རྒྱང་བྱེད་དུས།འཇིག་རྟེན་ཕྱི་མར་གཤེགས་སོང་བའི་ཡུམ་ཆེན་གྱི་བྱམས་དང་བརྩེ་བ་དང་ཡབ་ཆེན་གྱི་བློ་སྟོབས་དང་སྡུག་རུས།གཞན་ཡང་རྒྱང་རིང་དུ་འཕོས་པའི་མེས་པོ་དག་གི་གཏམ་རྒྱུད་དཔྱིད་དུས་ཀྱི་བུང་བ་བཞིན་དུ་དྲན་པའི་མེ་ཏོག་སྟེང་ན་འཕུར་ལྡིང་ལ་རྩེན།
 མེས་པོ་ཚོས་མི་ཡུལ་གྱི་ཞིང་འདིར་བརྩམས་པའི་ངོ་མཚར་ཅན་གྱི་མངར་སྐྱུར་རོ་དྲུག་གི་གཏམ་རྒྱུད་དེ་དག།ཉིན་མོའི་མཁའ་སྤྲིན་ནམ་མཚན་མོའི་སྐར་ཚོགས་བཞིན་དུ་ངའི་དྲན་པའི་ཀློང་དུ་འཆར་དུས།དུས་དང་བར་ཐོངས་ལས་བརྒལ་ཏེ་ཆུང་དུས་འཚོ་མྱོང་བའི་འཇིག་རྟེན་ཆུང་ཆུང་དེའི་རི་ཀླུང་དང་།སྤང་ཐང་།གྲོང་སྡེ་དང་།ས་ཞིང་སོགས་ཕྱོགས་གང་སར་སྲབ་མདའ་ལས་ཐར་བའི་རྟ་རྒོད་བཞིན་དུ་ཤོར།རྒྱང་རིང་ལ་ཤོར་བའི་མཚན་མོའི་དྲན་སེམས།ནམ་མཁའི་དབྱིབས་དང་བར་སྣང་གི་རླུང་བུ་ཇི་བཞིན་འཛིན་པར་དཀའ་བས།ངས་ལག་གི་དཔེ་དེབ་བཞག་ནས་གནས་ཁང་གྲུ་བཞི་འདིའི་སྒོ་མོ་ཡངས་པོར་ཕྱེས་ཏེ་གོམ་འགྲོས་ཀྱི་ཁ་ཕྱོགས་ཕྱི་རོལ་ལམ་བསྒྱུར་བའི་རང་དབང་ང་ལ་མི་འདུག
   སྟོན་དུས་ཀྱི་མཚན་མོ་འདིར་ཕྱོགས་ངེས་མེད་ནས་ལྡང་བའི་རླུང་བུས།ལུས་ཀྱི་རེག་བྱར་གྲང་བསིལ་བསིལ་དང་བདེ་ལྷང་ལྷང་གི་ཚོར་སྣང་མཚར་པོ་ཞིག་སྟེར་ཞིང་།མཚན་དགུང་གི་མཁའ་ནས་འཛིན་མའི་ཁྱོན་ལ་འཕྲོས་པའི་ལྷ་ཟླའི་འོད་ཟེར་འོག།གླང་ཆེན་བཞིན་འགྱིང་བའི་མཐའ་བཞིའི་ས་འཛིན་གྱི་གཟུགས་བརྙན་དག་འདྲེན་བྱེད་ལམ་དུ་འཕོས་ནས་དེ་དག་ངའི་སེམས་ངོས་སུ་གསལ་བའི་ཆུང་དུས་འཚོ་བའི་རི་མོ་བཞིན་དུ་མཛེས།
   རི་གཤམ་ན་ཆུ་མགོ་དཀར་གཙང་གངས་རིར་བཅོལ་ཞིང་གཤིས་སྒྱུད་འཇམ་པོའི་བལ་ལ་འགྲན་པའི་མྱང་ཆུ་གཙང་པོ་ནི།ཆུ་དང་ཆུ་ཕྲན་མང་དུ་འདུས་ཀྱང་རང་གཤིས་གཙང་མ་མ་དོར་སྙིང་པར་བཏེགས་ཤིང་།བྱམས་དང་བརྩེ་བ་སྒྲོག་མེད་སེམས་ཀྱི་གཏིང་སར་སྦས་ནས་མ་ཡུམ་གྱི་རང་གཤིས་ལྟར་དལ་པོར་བཞུར་བཞིན་མཆིས།

   མཐོ་སྒང་འདི་ན་ཉམས་ཀྱིས་འགྱིང་བའི་སྤང་རི་དང་།གཡའ་རི།རྫ་རི་དང་།གངས་རི་རྣམས་ངའི་ཨ་ཕའི་ཞུམས་པ་མེད་པའི་ཕོ་སྟོབས་དང་རང་གཤིས་ཡིན་ལ།ཆར་ཆུ་དང་།གངས་ཆུ།རྫ་ཆུ་དང་།ལོ་ཆུ་སོགས་འདུས་པའི་དྭངས་ཤིང་གཙང་ལ་སྨྲ་བ་ཉུང་བ།འཁྱུག་འགྲོས་ཀྱི་གོམ་ཁ་བརྟན་པའི་ཆུ་མོ་འདི།གཞན་ཕན་ལྷག་བསམ་དག་པའི་མ་ཡུམ་གྱི་གཤིས་ཀ་སྟེ།མི་ཡུལ་གྱི་འཚོ་བ་དང་སྲོག་ལྡན་ཀུན་ལ་བཅངས་པའི་བརྩེ་དུང་གི་དྲོད་ཁོལ་ཏེ་མི་རབས་ཤིག་དང་དུས་རབས་ཤིག་གི་ཁྲག་རྩར་བཞུར་བའི་ཟུངས་ཁྲག་དང་མཉམ།
   ངའི་མིག་ལམ་དུ་ཤར་བའི་བརྗིད་བརྗིད་པའི་ས་འཛིན་དང་།ཟབ་ཅིང་དལ་བའི་ཆུ་མོ་ནི།ངའི་མི་ཚེའི་འཕྲང་ལམ་རིང་མོར་འཚོ་བའི་བར་ཆད་དང་ཕམ་ཁ་གང་གིས་ཀྱང་བཅོམས་མི་ཐུབ་ལ་ལོ་ཟླའི་ཆར་ཆུ་དང་ལྷགས་རླུང་གང་གིས་ཀྱང་བསུབ་ཏུ་མེད་པའི་དྲན་རྡོ་དང་།ཚེ་སྲོག་གི་ཁྲག་རྒྱུན་ལང་ལོང་དུ་བསྐོལ་བའི་མེ་སོན་དམར་པོ་སྟེ་ཉམས་པ་མེད་པའི་མེས་པོའི་བླ་སྲོག་དང་སྙིང་སྟོབས་རེད།།
  • ལེ་ཚན་སྔོན་མ།:ང་དང་མིང་སྲིང་རྣམ་གསུམ་གྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:ཧ་ཁྱི།